ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་བཞི་ལས་བརྒལ་བར་བསྟན།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བདུན་ཉིན་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་བཞི་ལས་བརྒལ་ཡོད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་རིམས་ནད་རྒྱ་ཡན་དུ་འགྲོ་བའི་ཉེན་ཁའི་འགག་སྒོར་གནས་ཡོད་ཅིང་། ཡིད་སྐྱོ་བ་ཞིག་ལ་པྲོག་གསར་གློ་ཚད་རིམས་ནད་ལས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་བཞི་ལས་བརྒལ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་སྤྱིའི་མི་གྲངས་ད་རུང་ཉུང་རྩིས་བྱས་ཡོད་ཀྱང་སྲིད་ཟེར། 

ཁོས་བཤད་རྒྱུར། ནད་དུག་གི་གཤིས་འགྱུར་དང་ཧ་ལས་པར་བྱེད་པའི་འགོག་སྨན་བརྒྱག་པའི་འདྲ་མཉམ་མིན་པའི་སྣང་ཚུལ་དབང་གིས་རྒྱལ་ཁབ་དང་ས་ཁུལ་མང་བོར་པྲོག་གསར་གློ་ཚད་རིམས་ནད་འགོས་པ་དང་སྨན་ཁང་དུ་བསྡད་པའི་མི་གྲངས་གློ་བུར་དུ་ཇེ་མཐོར་འགྲོ་བའི་གནས་ཚུལ་བྱུང་ཡོད། དེའི་ནང་ཨ་ཧྥེ་རི་ཁ་གླིང་དང་ཨེ་ཤ་ཡཱ། ལཱ་ཏེན་མེ་གླིང་བཅས་ཀྱི་ས་ཁུལ་སྐོར་ཞིག་ཏུ་ནད་པ་མང་བོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད་ཟེར། 

ཐན་ཏི་སེ་ཡིས་རྒྱལ་ཁབ་ཉུང་ཤོས་ཀྱིས་འགོག་སྨན་མི་རིགས་རིང་ལུགས་བསྐྱུར་དགོས་པའི་འབོད་སྐུལ་ཡང་བསྐྱར་བཏང་། ཁོས་བཤད་རྒྱུར། འགོག་སྨན་མི་རིགས་རིང་ལུགས་དེ་ཀུན་སྤྱོད་ཐད་ནས་རྐང་ཚུགས་མི་ཐུབ་པར་མ་ཟད། ནུས་མེད་ཀྱི་སྤྱི་བའི་འཕྲོད་བསྟེན་འཐབ་ཇུས་ཤིག་ཡིན་པས། ཁོས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ནས་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།