ཀྲུང་གོ་བོད་ཀྱི་དྲ་བ།

ཧི་ཨར་ཙོ་ཀི་ཡིས་དམ་བཅའ་བཞག་སྟེ་དབྱི་སི་རལ་གྱི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་གསར་དུ་བདམས་པའི་ཙུང་ཐུང་ཧི་ཨར་ཙོ་ཀི་ཡིས་ཚེས་བདུན་ཉིན་གྲོས་ཁང་ནས་དམ་བཅའ་བཞག་སྟེ་རྒྱལ་ཁབ་དེའི་སྐབས་བཅུ་གཅིག་པའི་ཙུང་ཐུང་གི་འགན་ཁུར། 

ཧི་ཨར་ཙོ་ཀི་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བསྟན་དོན། རང་ཉིད་དབྱི་སི་རལ་གྱི་མི་ཚང་མའི་ཙུང་ཐུང་དུ་གྱུར་བ་དང་། རང་གི་ལས་འགན་གཙོ་བོ་ནི་ནུས་པ་གང་ཡོད་བཏོན་ནས་དབྱི་སི་རལ་གྱི་སྤྱི་ཚོགས་སུ་རེ་བ་སླར་གསོ་བྱེད་རྒྱུ་དེ་ཡིན། དབྱི་སི་རལ་གྱི་ཆབ་སྲིད་ལ་སྔར་ལས་ཞི་མཐུན་གྱི་རྨང་གཞི་མཁོ་བས། སྤྱི་ཚོགས་ཁ་བྲལ་དང་མཐའ་གཉིས་སུ་ལྷུང་བར་བྱེད་པའི་ངན་སྐུལ་བྱ་སྤྱོད་མཚམས་འཇོག་དགོས་ཟེར། ཁོས་གྲངས་ཉུང་མི་རིགས་དག་སྔར་ལས་ལྷག་པར་དབྱི་སི་རལ་གྱི་སྤྱི་ཚོགས་སུ་འདྲེས་པར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། གསར་དུ་འགན་ཁུར་བའི་ཙུང་ལི་པེ་ནེ་ཐི་ཡིས་མགོ་ཁྲིད་པའི་སྲིད་གཞུང་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། 

དབྱི་སི་རལ་གྱི་གྲོས་ཁང་གིས་ཟླ་དྲུག་པའི་ཚེས་གཉིས་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བའི་སྐབས་སུ། ཧི་ཨར་ཙོ་ཀི་དབྱི་སི་རལ་གྱི་སྐབས་བཅུ་གཅིག་པའི་ཙུང་ཐུང་དུ་བདམས་ཐོན་བྱུང་། ཧི་ཨར་ཙོ་ཀི་ནི་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་ལོར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ནས་སྐྱེས་པ་དང་། ཐི་ལཱ་ཝེ་ཧྥུའུ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་ཡིན་ལ། ཁྲིམས་རྩོད་པའི་ལས་ཀ་གཉེར་མྱོང་། ཁོ་རང་ཉིས་སྟོང་བཅུ་གསུམ་ལོར་བཟོ་བའི་ཏང་གི་ཀྲུའུ་ཞིར་བསྐོ་འཇོག་བྱས་པ་དང་། དེའི་རྗེས་སུ་ད་རུང་དབུས་གཡོན་ཕྱོགས་ཁག་མནའ་འབྲེལ་གྱི་ཡིའུ་ཐེ་བའི་རྒྱལ་ཁབ་སླར་གསོ་བྱེད་པའི་རིང་ལུགས་འཛིན་མཁན་མནའ་འབྲེལ་གྱི་མགོ་ཁྲིད་པའི་འགན་ཁུར་མྱོང་། 

དབྱི་སི་རལ་ནི་གྲོས་ཁང་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ཐུང་ནི་གྲོས་ཁང་ནས་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་བདུན་ཡིན་པ་དང་། བསྟུད་འགན་ཁུར་མི་རུང་། དབྱི་སི་རལ་གྱི་ཙུང་ཐུང་ནི་མཚོན་རྟགས་རང་བཞིན་དང་གུས་ལུགས་རང་བཞིན་གྱི་རྒྱལ་ཁབ་གཙོ་འཛིན་ཅིག་ཡིན་པ་ལས། དོན་དངོས་ཀྱི་སྲིད་འཛིན་དབང་ཆ་མེད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།