ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་ཐིའི་ཙུང་ལི་ཡིས་རྒྱལ་ཁབ་ཀྱིས་ཉེན་ཟོན་མཐོར་འདེགས་བྱེད་དགོས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧེ་ཐིའི་ཙུང་ལི་ཡའོ་སི་ཧྥུའུ་ཡིས་ཚེས་བདུན་ཉིན་རྒྱལ་ཁབ་ཀྱིས་ཉེན་ཟོན་མཐོར་འདེགས་བྱེད་དགོས་པ་ཁྱབ་སྒྲོག་བྱས། 

ཡའོ་སི་ཧྥུའུ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཉིན་དེའི་སྔ་དྲོར་དམིགས་བསལ་གྱི་པུའུ་ཀྲང་གྲོས་ཚོགས་སྤེལ་བ་དང་། གྲོས་ཚོགས་ནས་རྒྱལ་ཁབ་ཀྱིས་ཉེན་ཟོན་མཐོར་འདེགས་བྱེད་རྒྱུ་ཐག་བཅད་ཡོད་ཟེར། ཁོས་བསྟན་དོན། ཧེ་ཐི་རྒྱལ་ཁབ་དེ་ཙུང་ཐུང་མའོ་དབྱེ་ཙིར་ལྐོག་གསོད་ཐེབས་ཏེ་ཚེ་ལས་འདས་པའི་དབང་གིས་ཟང་ཟིང་གི་གནས་སུ་ལྷུང་མི་རུང་ཟེར། 

གཞན་ཡང་ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧི་ཐེའི་རྒྱལ་ས་རྒྱལ་སྲས་གྲུ་ཁའི་གནམ་གྲུ་ཐང་གི་སྒོ་བརྒྱབ་པ་དང་། གནམ་གྲུ་གཏོང་ཐེངས་རེ་འགའ་རྩིས་མེད་དུ་བཏང་བ་རེད། ཏའོ་སྨི་ནི་ཀཱ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཉིན་དེར་ཧེ་ཐིའི་བར་གྱི་རྒྱལ་མཚམས་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

ཡའོ་སི་ཧྥུའུ་ཡིས་ཚེས་བདུན་ཉིན་གྱི་སྔ་དྲོར་རླུང་འཕྲིན་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེའི་ཞོགས་པའི་དུས་ཚོད་གཅིག་སྟེང་། ཙུང་ཐུང་མའོ་དབྱེ་ཙི་ལ་རང་ཁྱིམ་ནས་ཐོབ་ཐང་གསལ་བོར་མི་ཤེས་ཤིང་། སི་ཕན་གྱི་སྐད་དང་དབྱིན་སྐད་བཤད་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས་ནས་དམར་གསོད་བཏང་ཟེར། ཁོས་གསལ་སྒྲོག་ནང་ད་རུང་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ལ་ཚོད་འཛིན་བྱུང་ཡོད་པ་དང་། རང་ཉིད་ཀྱིས་རྒྱལ་ཁབ་མགོ་ཁྲིད་པའི་འགན་འཁྲི་ཚབ་བསྒྲུབ་བྱེད་རྒྱུ་ཡིན་ཟེར། 

ཧེ་ཐི་ནི་ཅཱ་ལེ་པུས་ཧེ་བྱང་ངོས་ཀྱི་དབྱི་སི་ཕཱ་ནེ་ཨོ་ལཱ་གླིང་ཕྲན་དུ་གནས་པ་དང་། མི་གྲངས་བྱེ་བ་གཅིག་ལས་བརྒལ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཧེ་ཐིའི་ཏང་ཁག་སོ་སོའི་བར་གྱི་ཆབ་སྲིད་རྩོད་གླེང་རྙོག་འཛིང་ཆེ་བ་དང་། སྤྱི་ཚོགས་བདེ་སྲུང་གི་གནད་དོན་འབུར་ཐོན་དུ་གྱུར་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།