ཀྲུང་གོ་བོད་ཀྱི་དྲ་བ།

ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་སྔོན་གྱི་འཆར་གཞི་ནས་དུས་ཚོད་ཕྱེད་ཀས་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དེ་རིམས་འགོག་བྱེད་ཐབས་ལག་བསྟར་བྱེད་པའི་དབང་གིས་དུས་ཚོད་ཕྱེད་ཀས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཡང་། མགོ་རྩོམ་མཛད་སྒོར་སྟབས་བདེའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པས། སྔོན་ཆད་ཀྱི་འཆར་གཞི་ལས་དུས་ཚོད་ཕྱེད་ཀས་ཇེ་ཐུང་དུ་སོང་ཡོད་ཟེར། 

བསྒྲགས་པ་ལྟར་ན། མགོ་རྩོམ་མཛད་སྒོར་ཞུགས་པའི་ལུས་རྩལ་པ་དག་གིས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་སྲུང་འཛིན་བྱེད་དགོས་པས་ཚོགས་རར་ཡོང་བའི་དུས་ཚོད་ལ་འགོར་འགྱངས་བྱས་ཡོད་རྐྱེན། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་དུས་ཚོད་བཅུ་གཅིག་བར་མགོ་རྩོམ་མཛད་སྒོ་སྤེལ་བའི་འཆར་གཞི་དེ་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་བར་ཇེ་རིང་དུ་བཏང་ཡོད་ཟེར། 

བསྒྲགས་པ་ལྟར་ན། མཇུག་བསྡུའི་མཛད་སྒོར་ཞུགས་པའི་ལུས་རྩལ་པའི་ཁ་གྲངས་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། མཇུག་བསྡུའི་མཛད་སྒོ་ཡང་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་མཇུག་སྒྲིལ་རྒྱུ་ཡིན་ལ། སྔོན་གྱི་འཆར་གཞི་ལས་དུས་ཚོད་ཕྱེད་ཀས་སྔ་སྣུར་བྱས་ཡོད་ཟེར། 

ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དང་མཇུག་བསྡུའི་མཛད་སྒོ་དེ་ན་ནིང་ཟླ་གཉིས་པ་ནས་ཕལ་ཆེར་གྲ་སྒྲིག་ཚགས་སུ་ཆུད་ཡོད་ཀྱང་། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྗེས་སྣུར་བྱས་རྗེས། གྲ་སྒྲིག་བྱ་བ་སྣ་ཚོགས་མཚམས་མི་འཇོག་ཐབས་མེད་བྱུང་། དེའི་རྗེས་སུ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མགོ་རྩོམ་མཛད་སྒོ་དང་མཇུག་བསྡུའི་མཛད་སྒོའི་གསར་གཏོད་རུ་ཁག་གིས་རིམས་འགོག་ནང་དོན་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ན་ནིང་ཟླ་བཅུ་གཉིས་པར་གསར་གཏོད་སྤྱིའི་ལྟ་སྐུལ་བ་བརྗེ་སྤོར་བྱས་པ་རེད། 

བསྒྲགས་པ་ལྟར་ན། དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དེ་སྔར་བཞིན་དུས་ཚོད་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་། སྤེལ་བའི་དུས་ཚོད་ནི་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་བཅུ་གཅིག་བར་ཡིན་ཡང་། ཟླ་དགུ་བའི་ཚེས་ལྔ་ཉིན་སྤེལ་རྒྱུ་ཡིན་པའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་བསྡུའི་མཛད་སྒོ་དུས་ཚོད་ཕྱེད་ཀས་ཇེ་ཐུང་དུ་བཏང་སྟེ། དགོང་མོའི་དུས་ཚོད་བརྒྱད་ནས་བཅུ་དང་ཕྱེད་ཀའི་བར་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།