ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཅིག་ལོའི་ཝེ་ཡེ་ནའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱ་འགུལ་སྤེལ་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལོ་རྒྱུས་རྒྱུན་འཛིན་བྱས་ཏེ་གྲུབ་འབྲས་གསར་པ་བསྐྲུན་ཞེས་པ་བརྗོད་གཞི་ཡིན་པའི་ཉིས་སྟོང་ཉེར་གཅིག་ལོའི་ཝེ་ཡེ་ནའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱ་འགུལ་ཚེས་ལྔ་ཉིན་སྤེལ་འགོ་བརྩམས།

ཐེངས་འདིའི་བྱ་འགུལ་ནི་ཝེ་ཡེ་ནའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་གཙོ་སྒྲུབ་བྱས་པ་དང་། བྱ་འགུལ་དེ་བརྙན་རིས་ཀྱི་རྣམ་པས་སྤེལ་ལ། སྨྱན་བྱད་གསར་པའི་སྟེགས་བུ་མང་པོ་བརྒྱུད་ནས་ཐད་གཏོང་བྱས་པར་མ་ཟད། ཝེ་ཡེ་ནའི་མཉམ་འབྲེལ་རྒྱལ་ཚོགས་མཁར་ནས་བརྙན་ཡོལ་ཆེན་པོའི་སྟེང་བརྒྱུད་གཏོང་བྱས།

ཝེ་ཡེ་ནའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་པ་ཝང་ཆུན་དང་། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ལས་འཛིན་པ་ལིས་ཡུང་། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱིའི་ལས་འཛིན་པ་ཀི་ལོ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་ཡེ་ནའི་དོན་གཅོད་ཁང་གི་སྤྱིའི་ལས་འཛིན་པ་གཞོན་པ་ཏན་ཉི་སི། གསར་འགྱུར་པུའུ་ཡི་ཀྲུའུ་རེན་ནེ་ཞིར་ཅི། ད་དུང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བདུན་ཅུའི་འཐུས་ཚབ་པ་ཉིས་བརྒྱ་ལྷག་བྱ་འགུལ་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཝང་ཆུན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། པྲོག་གསར་གློ་ཚད་ཀྱིས་ཚང་མར་མིའི་རིགས་ཀྱི་ལས་སྐལ་གཅིག་ཏུ་འབྲེལ་ཡོད་པ་སྔར་ལས་གསལ་བོར་ཤེས་སུ་བཅུག་ལ། ཕྱོགས་སོ་སོས་ཝེ་ཡེ་ན་ནས་སྤྲིན་རྩིས་ཕྱི་འབྲེལ་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གྱུར་ཡོད། ཐེངས་འདིའི་རྒྱ་ཡིག་ཉིན་མོའི་བྱ་འགུལ་གྱི་དམིགས་ཡུལ་ནི་རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱོགས་སོ་སོའི་སེམས་ཀྱི་བར་ཐག་ཇེ་ཉེ་རུ་གཏོང་རྒྱུ་དེ་ཡིན་ལ། དེ་ཀྲུང་གོར་རྒྱུས་ལོན་སྔར་ལས་བཟང་བོ་བྱེད་པར་ཕན་པ་ཡོད་ཟེར།

ལིས་ཡུང་དང་ཀོ་ལོ་ཞི། ཏན་ཉི་སི། ནེ་ཞིར་ཅི་སོགས་ཀྱིས་སྔ་གཞུག་ཏུ་ཤིས་ཚིག་ཕུལ་ནས། རྒྱ་ཡིག་ཉིན་མོའི་བྱ་འགུལ་སྤེལ་འགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་མཐོན་པོ་བྱས་ལ། ཀྲུང་ཧྭའི་རིག་གནས་ཀྱི་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པའི་ནང་དོན་དང་། དེས་མིའི་རིགས་ཀྱི་ཤེས་རིག་གི་བརྗེ་རེས་དང་རིག་གནས་སྣ་མང་གི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བཏོན་པའི་ནུས་པ་གལ་ཆེན་ལ་གཟེངས་བསྟོད་བྱས།

བྱ་འགུལ་འགོ་རྩོམ་པའི་འཁྲབ་སྟོན་གྱི་གོ་རིམ་ཁྲོད། ཀྲུང་གོའི་སྒྱུ་རྩལ་པས་སྤྲིན་སྣེའི་སྟེགས་བུ་ནས་གླུ་དབྱངས་དང་། ཟློས་གར། རྩལ་སྣ། མི་རིགས་ཞབས་བྲོ་སོགས་འཁྲབ་སྟོན་བྱས། སྐུ་མགྲོན་རྣམས་ཀྱིས་འཁྲབ་སྟོན་ལ་ལྟད་མོ་ཆེ་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་ཧ་ཅང་མཐུག་ལ། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཉིན་རེ་བཞིན་ཡར་ངོའི་ཟླ་ལྟར་འཕེལ་བ་དེར་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད་ཅེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྒྱ་ཡིག་ཉིན་མོའི་བྱ་འགུལ་བསྟུད་མར་ཚེས་དགུ་ཉིན་བར་སྤེལ་ཏེ། ཕྱོགས་ཡོངས་དང་ཟུར་མང་པོ་ནས་ཀྲུང་ཧྭ་རིག་གནས་ཀྱི་ནང་དོན་མཚོན་པར་བྱེད་རྒྱུ་རེད།

རྒྱ་ཡིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་སྐད་རིགས་དྲུག་ཁྲོད་ཀྱི་གཅིག་ཡིན། ཉིས་སྟོང་བཅུ་ལོར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་སྒྲོག་སྤེལ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་རིགས་ཉིན་མོའི་བྱ་འགུལ་སྤེལ་ནས། སྐད་རིགས་སྣ་མང་གི་བཀོལ་སྤྱོད་དང་རིག་གནས་ཀྱི་སྣ་མང་རང་བཞིན་ལ་རྟེན་འབྲེལ་ཞུ་རྒྱུ་མ་ཟད། གཞུང་ཕྱོགས་སྐད་རིགས་དྲུག་པོ་མཉམ་འབྲེལ་རྒྱལ་ཚོགས་ནས་འདྲ་མཉམ་གྱིས་བཀོལ་སྤྱོད་བྱེད་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཞེས་བསྒྲགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།