ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡའི་ནུབ་བྱང་ཁུལ་གྱི་སློབ་འབྲིང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་སློབ་མ་མང་པོ་བཙན་ཁྲིད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲེ་རི་ཡའི་ནུབ་བྱང་ཁུལ་གྱི་ཁཱ་ཏུའུ་ན་མངའ་སྡེའི་སློབ་འབྲིང་ཞིག་ཏུ་ཚེས5ཉིན་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། སློབ་མ་དང་དགེ་རྒན་མང་པོ་བཙན་ཁྲིད་བྱས་ཤིང་དེའི་ཁྲོད་མི27ལ་བདེ་འཇགས་སྡེ་ཁག་གིས་སྐྱོབ་ཐུབ་པ་བྱུང་། 

ཁཱ་ཏུའུ་ན་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཧན་མུའུ་ཏི·ཅཱ་ལི་གུ་ཡིས་ཚེས5ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ཐོབ་ཐང་མི་ཤེས་པའི་དྲག་ཆས་མི་སྣས་ཉིན་དེའི་གནམ་གུང་དུ་ཁཱ་ཏུའུ་ན་མངའ་སྡེ་ཆི་ཁུང་ཁུལ་གྱི་སློབ་འབྲིང་ཞིག་གི་བདེ་འཇགས་མི་སྣར་མེ་མདའ་ཡིས་ཕར་རྒོལ་བྱས་རྗེས་སློབ་མའི་མལ་ཁང་དུ་འཛུལ་ནས་སློབ་མ་དང་དགེ་རྒན་མང་པོར་ནགས་ཚལ་དུ་བཙན་ཁྲིད་བྱས་སོང་བ་རེད།

ཅཱ་ལི་གུ་ཡིས་ནི་ཀྲེ་རི་ཡའི་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་བྱས་པའི་ཚོ་ཚུང་གིས་དེ་མ་ཐག་དྲག་ཆས་མི་སྣ་ལ་བདའ་འདེད་བྱས་ཏེ་སློབ་མ26དང་དགེ་རྒན1སྐྱོབ་ཐུབ་པ་བྱུང་མོད། འདེད་འཛིན་བྱ་འགུལ་ད་དུང་མུ་མཐུད་དུ་སྤེལ་བཞིན་པའི་སྒང་རེད།

གཞན་ནི་ཀྲི་རི་ཡའི་སྨྱན་བྱད་ཀྱིས་སློབ་གྲྭའི་འགན་ཁུར་བའི་སྐད་ཆ་དྲངས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་མི140ལྷག་བཙན་ཁྲིད་བྱས་སོང་ཟེར།

ཁཱ་ཏུའུ་ན་མངའ་སྡེའི་སློབ་གསོ་སྡེ་ཁག་གིས་ཚེས5ཉིན་བསྟན་དོན། མངའ་སྡེ་འདིའི་སློབ་གྲྭ13ལ་གནས་སྐབས་སུ་སྒོ་རྒྱག་དགོས་པའི་བརྡ་སྦྱོར་འབྱོར་འདུག 

ཉེ་བའི་ཟླ་འགའི་རིང་ནི་ཀྲི་རི་ཡ་རུ་བསྟུད་མུར་དྲག་ཆས་བས་འཇབ་རྒོལ་བྱེད་པའི་དོན་རྐྱེན་བྱུང་ཞིང་དེའི་ཁྲོད་སློབ་མར་བཙན་ཁྲིད་བྱེད་པའི་དོན་རྐྱེན་ཐེངས་མང་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།