ཀྲུང་གོ་བོད་ཀྱི་དྲ་བ།

སི་ལོ་ཝུན་ནེ་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་ལས་འགན་གལ་ཆེན་བཞིར་འཕྲད་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ལོ་ཝུན་ནེ་ཡཱ་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཕུའུ་ཐའོ་ཡཱའི་ཚབ་ཏུ་ལོ་ཕྱེད་རིང་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཡུན་མགོ་བརྩམས། སི་ལོ་ཝུན་ནེ་ཡཱའི་འབྲེལ་ཡོད་བྱ་བའི་འཆར་གཞིའི་ཁྲོད། པྲོག་གསར་གློ་ཚད་རིམས་ནད་རྗེས་སུ་ཡོ་རོབ་གླིང་གི་འཐབ་ཇུས་རང་བདག་སླར་གསོ་དང་དངོས་འབེབ་བྱེད་པ་དང་། གྲོས་ཚོགས་རྩ་འཛུགས་བྱས་ཏེ་ཡོ་རོབ་གླིང་གི་མ་འོངས་པར་འཚོལ་ཞིབ་བྱེད་པ། ཁྲིམས་སྐྱོང་ནན་བཤད། ཡོ་རོབ་གླིང་གི་ཉེ་འཁོར་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བ་ནི་ཐོག་མའི་བྱ་བ་ཡིན། 

གཅིག་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པར་བསྟུད་མར་སྐུལ་འདེད་བཏང་བ་དང་བསྟུན་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རིམས་ནད་ལ་ཕལ་ཆེར་ཚོད་འཛིན་ཐོབ་ཡོད་པ་དང་། བཀག་འགོག་བྱེད་ཐབས་རིམ་བཞིན་ཇེ་ལྷོད་དུ་བཏང་ནས། སྤྱི་ཚོགས་དང་དཔལ་འབྱོར་སླར་གསོ་འབྱུང་མགོ་བརྩམས། ཡོ་སྒོར་ཁྲག་ཁྲིག་བརྒྱད་ཀྱི་སླར་གསོའི་ཐེབས་རྩ་བཀོལ་ནས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སླར་གསོའི་འཆར་གཞིར་སྐུལ་འདེད་གཏོང་བ་ནི་སི་ལོ་ཝུན་ནེ་ཡཱས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་འཕྲད་པའི་ལས་འགན་གཙོ་བོ་རེད། སི་ལོ་ཝུན་ནེ་ཡཱའི་ཙུང་ལི་དབྱང་ཧྲ་ཡིས་བསྟན་དོན། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་ལས་གཞན། སི་ལོ་ཝུན་ནེ་ཡཱ་ཡིས་ད་རུང་ཡོ་རོབ་གླིང་གིས་ཉམས་ཉེན་ཐག་གཅོད་བྱེད་པ་སོགས་གནད་འགག་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བདག་ནུས་པར་ཤུགས་སྣོན་བྱེད་དགོས། དེའི་ནང་སྨན་རྫས་དང་འགོག་སྨན། སྨན་བཅོས་སྒྲིག་ཆས་ཀྱི་མཁོ་འདོན། དྲ་རྒྱའི་བདེ་འཇགས། འབྲུ་རིགས་མཁོ་འདོན། ནུས་ཁུངས་བདེ་འཇགས་སོགས་འདུས་ཟེར། 

གཉིས་ནས་གྲོས་ཚོགས་རྩ་འཛུགས་བྱས་ཏེ་མ་འོངས་པར་ཡོ་རོབ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་གཙོ་བོར་དཔྱད་གླེང་བྱེད་པ་ནི་སི་ལོ་ཝུན་ནེ་ཡཱའི་གྲོས་གཞི་གལ་ཆེན་གཞན་ཞིག་རེད། སི་ལོ་ཝུན་ནེ་ཡཱའི་སྲིད་གཞུང་གིས་ད་ལོའི་ཟླ་དགུ་བར་སྐབས་བཅུ་དྲུག་པའི་པུའུ་ལའེ་ཏི་འཐབ་ཇུས་གླེང་སྟེགས་སྤེལ་བའི་འཆར་གཞི་ཡོད་ཅིང་། ཡོ་རོབ་གླིང་གི་མ་འོངས་པ་བརྗོད་སྙིང་དུ་བྱས་ཏེ། ཡོ་རོབ་གླིང་གི་མདུན་དུ་ལྷགས་པའི་གནད་དོན་དང་ཉེན་ཁ། གོ་སྐབས་བཅས་ལ་གྲོས་བསྡུར་བྱེད་རྒྱུ་རེད། 

གསུམ་ནས་སི་ལོ་ཝུན་ནེ་ཡཱའི་སྲིད་གཞུང་གིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་ཁྲིམས་སྐྱོང་ནན་བཤད་བྱས་ཏེ། གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་སྐྱོང་གནས་ཚུལ་སྐོར་གྱི་ལོ་ཧྲིལ་བོའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་རེད། 

བཞི་ནས་སི་ལོ་ཝུན་ནེ་ཡཱ་ཡིས་ད་རུང་མཐའ་མཚམས་དང་དྲ་རྒྱ་སོགས་ཐད་ཀྱི་ཡོ་རོབ་གླིང་གི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཁྲིམས་མཐུན་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁག་དགར་ནན་མོ་བྱས་ཏེ། ཐུན་མོང་གི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱས། 

གོང་གི་ཕྱོགས་བཞིའི་ཐོག་མའི་བྱ་བ་ལས་གཞན། སི་ལོ་ཝུན་ནེ་ཡཱ་ཡིས་ད་རུང་པཱ་ཨར་ཀན་ནུབ་མ་ས་ཁུལ་ལ་དམིགས་པའི་ཡོ་རོབ་གླིང་གི་རྒྱ་བསྐྱེད་ཐད་འབད་བརྩོན་བྱས་ཏེ། ཨར་པཱ་ནི་ཡཱ་དང་མཱ་ཆི་ཏོན་བྱང་མ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།