ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁི་ཨར་མན་གྱིས་ཚེས་གཉིས་ཉིན་ཡཱ་ཏེན་དུ་འཚམས་འདྲི་བྱེད་སྐབས་བསྟན་དོན། མིག་སྔའི་འགྲན་རྩོད་ཐག་གཅོད་བྱེད་ཆེད། རྒྱལ་སྤྱིའི་མཉམ་ལས་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ལྷག་ཏུ་གལ་ཆེ་བར་མངོན་ཡོད་ཟེར།
ཁི་ཨར་མན་གྱིས་ཉིན་དེར་ཡཱ་ཏེན་ནས་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་བྱས། དེའི་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁི་ཨར་མན་གྱིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲན་རྩོད་ཐག་གཅོད་བྱེད་པ་དང་ཐག་གཅོད་ཇུས་གཞི་ཆེས་བཟང་བོ་འཚོལ་ཞིབ་བྱེད་པ་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ལྷག་ཏུ་གལ་ཆེན་བར་མངོན་ཡོད། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ཐད་སྟེགས་བུ་བཟང་བོ་འདོན་སྤྲོད་བྱས་ཤིང་། དེས་མཐུན་སྦྱོར་བྱེད་པའི་གྲོས་མོལ་གྱི་སྲོག་ཤིང་གཙོ་བོའི་རྒྱལ་སྤྱིའི་དཔྱ་ཁྲལ་བཅོས་བསྒྱུར་གྱི་སྒྲོམ་གཞི་དེ་རྒྱལ་སྤྱིའི་དཔྱ་ཁྲལ་བགོ་བཤའ་དེ་འདྲ་མཉམ་དྲང་བདེན་ཡོང་བར་འགན་སྲུང་བྱེད་པར་ཕན་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་སོ་སོས་སྤྱི་བའི་ཞབས་ཞུའི་ཐད་མ་དངུལ་འདོན་སྤྲོད་བྱས་ཡོད་ཟེར།
དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། མིག་སྔའི་བར་དུ་དེས་མཐུན་སྦྱོར་བྱས་པའི་གྲོས་མོལ་གྱི་སྲོག་ཤིང་གཙོ་བོའི་རྒྱལ་སྤྱིའི་དཔྱ་ཁྲལ་བཅོས་བསྒྱུར་གྱི་སྒྲོམ་གཞིར་རྒྱལ་ཁབ་དང་ཁྲིམས་འཛིན་ཁོངས་གཏོགས་ས་ཁུལ་བརྒྱ་དང་སུམ་ཅུ་ལྷག་གི་རྒྱབ་སྐྱོར་ཐོབ་ཡོད།
དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་དཔྱ་ཁྲལ་བཅོས་བསྒྱུར་གྱི་གྲོས་མོལ་ལ་ལོ་ངོ་བཅུའི་རིང་མཐུན་སྦྱོར་བྱས་པ་དང་། དམིགས་ཡུལ་ནི་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཆེ་གྲས་ཀྱི་ཚོང་གཉེར་དང་ཁེ་སྤོགས་ལེན་སར་དཔྱ་ཁྲལ་འཇལ་བར་འགན་སྲུང་བྱེད་པའམ། ཞོར་དུ་རྒྱལ་སྤྱིའི་དཔྱ་ཁྲལ་མ་ལག་གི་གཏན་འཇགས་རང་བཞིན་ལ་འགན་སྲུང་བྱས་ཏེ་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དང་གྲངས་ལྡན་ཅན་ལ་འཚམ་པར་བྱེད་པའི་ཆེད་དུ་རེད།
མུས་ཙོ་ཐཱ་ཅི་སི་ཡིས་བསྟན་དོན། ཞི་ལཱ་ཡིས་རྒྱལ་སྤྱིའི་དཔྱ་ཁྲལ་བཅོས་བསྒྱུར་སྒྲོམ་གཞིར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དེ་ངེས་པར་དུ་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ་ཟུང་དུ་འབྲེལ་དགོས་ལ། ཞོར་དུ་ལས་ཞུགས་ཇེ་མང་དུ་གཏོང་བ་དང་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ཟུང་འབྲེལ་བྱེད་དགོས་པར་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།