ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་ཐིས་ཀི་ལོས་གནད་དོན་ཐད་ནས་ཨེ་ཙེ་ཨོ་ཕི་ཡཱའི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པེན་གྱིས་ཚེས་གཉིས་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས་གནད་དོན་གྱི་ཡོངས་བསྒྲགས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཨེ་ཙེ་ཨོ་ཕི་ཡཱའི་ཐིས་ཀི་ལོས་མངའ་སྡེའི་གནད་དོན་ནི་ཨེ་ཙེ་ཨོ་ཕི་ཡཱའི་ནང་ཁུལ་གྱི་ལས་དོན་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་འདོན་སྤྲོད་བྱེད་སྐབས་ངེས་པར་དུ་ཨེ་ཙེ་ཨོ་ཕི་ཡཱའི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་གང་ལེགས་བྱེད་དགོས་པ་དང་། མཉམ་དུ་ཨེ་ཙེ་ཨོ་ཕི་ཡཱའི་བར་བརྒལ་ཁག་སྒྲོལ་ལ་རོགས་རམ་བྱེད་དགོས་ཟེར།

ཏའེ་པེན་གྱིས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གིས་ཉེ་སྔོན་ཐིས་ཁི་ལོས་མངའ་སྡེ་ཕྱོགས་གཅིག་གིས་འཁྲུག་རྩོད་མཚམས་བཞག་པ་ཁྱབ་སྒྲོག་བྱས་ཏེ། ས་དེའི་རྨོ་འདེབས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བ་རྒྱུན་ལྡན་ངང་སྤེལ་བར་འགན་སྲུང་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དོན་དེར་དགའ་བསུ་བྱེད་བཞིན་ཡོད། ཐིས་ཀི་ལོས་ས་ཁུལ་དུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པར་རེ་བ་བྱེད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་དང་། ཐིས་ཀི་ལོས་མངའ་སྡེའི་མང་ཚོགས་དང་བཅས་པའི་ཨེ་ཙེ་ཨོ་ཕི་ཡཱའི་མང་ཚོགས་ཚང་མས་ཞི་བདེ་དང་གཏན་འཇགས་ལོངས་སུ་སྤྱད་དེ་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་དུ་འཇུག་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། ཀྲུང་གོའི་སྲིད་གཞུང་གིས་ཨེ་ཙེ་ཨོ་ཕི་ཡཱའི་མི་ཆོས་རོགས་སྐྱོར་ཐད་གང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ཡོད། ཀྲུང་གོའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་རྒུད་སྐྱོབ་འབྲུ་རིགས་དེ་ཉེ་སྔོན་འབྱོར་སྲིད་པ་དང་། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡཱར་ཞལ་འདེབས་སུ་ཕུལ་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱིས་ཐིས་ཀི་ལོས་མངའ་སྡེའི་མང་ཚོགས་ལ་ཕན་ཐོགས་འབྱུང་སྲིད། ཐིས་ཀི་ལོས་མངའ་སྡེའི་མི་ཆོས་རོགས་སྐྱོར་ཐད་སྔར་བཞིན་ཐོན་ཁུངས་དཀོན་པའི་གནད་དོན་ཚབས་ཆེན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་ཆོས་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཀྱང་། རོགས་སྐྱོར་འདོན་སྤྲོད་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རོགས་སྐྱོར་གྱི་མཛུབ་སྟོན་རྩ་དོན་བརྩི་སྲུང་གང་ལེགས་བྱེད་དགོས་ཟེར།

ཏའེ་པེན་གྱིས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྣེའི་གཏིང་རྡོ་ལྟ་བུ་ཡིན་ལ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ཨེ་ཙེ་ཨོ་ཕི་ཡཱའི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ཨེ་ཙེ་ཨོ་ཕི་ཡཱའི་མང་ཚོགས་ཚང་མའི་ཐུན་མོང་གི་སེམས་འདུན་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་རེ་སྒུག་ཀྱང་ཡིན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དོན་དེའི་ཐད་འབད་འབུངས་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།