ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ས་དཀྱིལ་མཚོ་ཁོངས་ཀྱི་དམག་དོན་རྟེན་གཞི་གསར་བ་དངོས་སུ་བེད་སྤྱོད་བྱེད་པའི་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལཱ་ཏིས་ཀྱིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ནུབ་བྱང་ཕྱོགས་ཀྱི་མཚོ་འགྲམ་གྱི་ཅཱ་ཀུའུ་པུའུ་ས་ཁུལ་དུ་ཡོད་པའི་ཟླ་བདུན་པའི་ཚེས་གསུམ་གྱི་མཚོ་དམག་རྟེན་གཞིས་ཉིན་དེར་དངོས་སུ་བེད་སྤྱོད་བྱེད་མགོ་རྩོམ་པའི་མཛད་སྒོ་སྤེལ་བ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་མཛད་སྒོར་ཞུགས།

གསལ་སྒྲོག་ལས་བཤད་རྒྱུར། ཟླ་བདུན་པའི་ཚེས་གསུམ་གྱི་མཚོ་དམག་རྟེན་གཞི་ནི་ཨེ་ཅིབ་ཀྱི་ས་དཀྱིལ་མཚོ་ཁོངས་སུ་ཡོད་པའི་དམག་དོན་རྟེན་གཞི་གསར་བ་ཞིག་ཡིན་པ་དང་། ཨེ་ཅིབ་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་འཐབ་ཇུས་ཁ་ཕྱོགས་ཐད་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ལ། ཨེ་ཅིབ་ཀྱི་མཚོ་དམག་སྟོབས་ཤུགས་ཕྱོགས་བསྡུས་འཕེལ་རྒྱས་འཆར་གཞིའི་ཁག་ཅིག་ཡིན། རྟེན་གཞི་དེས་མཚོ་དམར་དང་ས་དཀྱིལ་མཚོ་ཁོངས་ཀྱི་ཨེ་ཅིབ་མཚོ་དམག་ལ་མཁོ་སྒྲུབ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ས་ཁུལ་དེར་གནས་སྲིད་པའི་འགྲན་རྩོད་དང་ཉེན་ཁ་གང་རུང་ཐག་གཅོད་བྱེད་པ་དང་ལྐོག་འཚོང་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཆམ་ཕབ་གཏོང་རྒྱུ་རེད་ཟེར།

དངོས་སུ་བེད་སྤྱོད་བྱེད་པའི་མཛད་སྒོའི་སྟེང་། ཨེ་ཅིབ་ཀྱི་མཚོ་དམག་གི་དམག་སྤྱི་ཧཱ་ལི་ཏི་ཡིས་བསྟན་དོན། རྟེན་གཞི་དེ་བེད་སྤྱོད་བྱས་པ་ལས་ས་ཁུལ་ཧྲིལ་བོར་ཞི་བདེ་དང་འཕེལ་རྒྱས་ཀྱི་བརྡ་གསལ་བོ་བཏང་ཡོད་པ་དང་། དེ་ལས་ཨེ་ཅིབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་ཡོངས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ཀྱི་ཡིད་ཆེས་མངོན་པར་བྱས་ཡོད་ཟེར།

ཨེ་ཅིབ་གཏོར་གཟུགས་མཆོད་རྟེན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཟླ་བདུན་པའི་ཚེས་གསུམ་གྱི་མཚོ་དམག་རྟེན་གཞིའི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་བྱེ་བ་གཅིག་ལྷག་ཡོད་པ་དང་། ཨེ་ཅིབ་ཀྱི་ཆེས་ཆེ་བའི་མཚོ་དམག་གི་རྟེན་གཞི་ཞིག་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་རྒྱལ་རྒྱུད་ཨ་ལེ་ནཱ་ཧཱ་དབྱང་དང་ལི་པུ་ཡཱའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མིན་ཧྥེ། དེ་མིན་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ། རྒྱལ་སྲུང་དང་དམག་དོན་ཐོན་སྐྱེད་པུའུ་ཀྲང་ཀྲ་ཅི་སོགས་ཉིན་དེའི་མཛད་སྒོར་ཞུགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།