རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཡེ་མིན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

20210703094400UOrx.jpg

ཟླ་བདུན་པའི་ཚེས་གཅིག་ཉིན། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་གྱིས་ཡེ་མིན་ལྷོ་ཕྱོགས་ཀྱི་ཡཱ་ཏེན་གྲོང་ཁྱེར་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་བསྟན་དོན། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་བར་འདུམ་འགྲིག་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པའི་འཕེལ་རིམ་ལ་ཡར་སྐུལ་གཏོང་འདོད་ཡོད་ཟེར།

རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་གྱིས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡཱ་ཏེན་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཡེ་མིན་དུ་སྡོད་པའི་ཡན་ལག་ལས་ཁུངས་ཀྱིས་སྔར་བཞིན་དུ་བརྩོན་པ་ཆེར་བསྐྱེད་ཀྱིས་ཡེ་མིན་གྱི་ནང་འཁྲུག་ཁྲོད་དཀའ་སྡུག་མྱོང་བཞིན་པའི་མང་ཚོགས་ལ་རོགས་རམ་བྱེད་རྒྱུ་ཡིན་པ་དང་། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པའི་སྟབས་བདེ་བཟོ་འདོད་ཡོད་པའི་ཚུལ་བསྟན།

མའོ་ལོས་ཨར་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་དུ་འབྱོང་ནས། ཡེ་མིན་གྱི་ཙུང་ལི་སེ་དབྱེ་ཏི་དང་མཉམ་དུ་ཡེ་མིན་གྱི་མདུན་དུ་ལྷགས་པའི་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཐད་ནས་གྲོས་མོལ་བྱས། རྒྱུས་ལོན་བྱུང་བ་ལྟར་ན། མའོ་ལོས་ཨར་གྱིས་ད་རུང་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་དང་མཉམ་དུ་མི་ཆོས་རིང་ལུགས་ཀྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།