ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚོད་དཔག་བྱས་ན་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་དག་ཟླ་བརྒྱད་པའི་ཟླ་མཇུག་གི་སྔོན་ལ་ཕྱིར་འཐེན་ཡོངས་འགྲུབ་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕུའུ་སཱ་ཅི་ཡིས་ཚེས་གཉིས་ཉིན་བསྟན་དོན། ཚོད་དཔག་བྱས་ན་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་བརྒྱད་པའི་ཟླ་མཇུག་གི་སྔོན་ལ་ཕྱིར་འཐེན་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

ཕུའུ་སཱ་ཅི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་གནས་ཚུལ་དེ་བསྒྲགས་པ་རེད། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ཀྱི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་འཆར་གཞི་ལྟར་ཕྱིར་འཐེན་བྱེད་བཞིན་ཡོད་པ་དང་། དམག་དཔུང་ཕྱིར་འཐེན་གྱི་བྱ་བ་དེ་མ་འོངས་པའི་ཉིན་འགའི་ནང་ཡོངས་འགྲུབ་བྱེད་མི་སྲིད་ཟེར།

ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཁི་པུས་ཀྱིས་ཉིན་དེར་རྒྱལ་སྲུང་པུའུ་ཡི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁས་ལེན་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཧྥུའུ་ཧན་དུ་སྡོད་པའི་ཆེས་ཆེ་བའི་དམག་དོན་རྟེན་གཞི་པཱ་ཀི་ལཱ་མུའུ་མཁའ་དམག་རྟེན་གཞི་དེ་ཨ་ཧྥུའུ་ཧན་དམག་དཔུང་ལ་བརྒྱུད་སྤྲོད་བྱས་པ་དང་། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་བཀོད་འདོམ་དབང་ཆའི་འགྱུར་ལྡོག་འཆར་གཞི་ཁྱབ་སྒྲོག་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་མ་འོངས་པར་ཨ་ཧྥུའུ་ཧན་དུ་དམག་མི་ཉུང་ཙམ་སྡོད་དུ་བཅུག་སྟེ་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་སྲུང་སྐྱོབ་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་ཏེ། མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་གྲོས་གཞི་འདོན་སྤྲོད་དང་ཨ་མེ་རི་ཁ་ཕྱོགས་ཀྱི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་དམག་མི་དྲུག་བརྒྱ་དང་ལྔ་བཅུ་ཙམ་མུ་མཐུད་དུ་ཨ་ཧྥུའུ་ཧན་ནས་བསྡད་དེ་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་སྲུང་སྐྱོབ་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།