ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁའི་དམག་དཔུང་དག་ཨ་ཧྥུའུ་ཧན་གྱི་ཆེས་ཆེ་བའི་དམག་དོན་རྟེན་གཞི་ནས་ཕྱིར་འཐེན་བྱས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཧྥུའུ་ཨ་ཏི་ཨ་མན་གྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་དག་ཉེ་སྔོན་ཨ་ཧྥུའུ་ཧན་གྱི་ཆེས་ཆེ་བའི་དམག་དོན་རྟེན་གཞི་པཱ་ཀི་ལཱ་མུའུ་མཁའ་དམག་རྟེན་གཞི་ནས་ཕྱིར་འཐེན་བྱས་ཡོད་པ་དང་། རྟེན་གཞི་དེ་དངོས་སུ་ཨ་ཧྥུའུ་ཧན་དམག་དཔུང་ལ་བརྒྱུད་སྤྲོད་བྱས་ཡོད་ཟེར།

ཧྥུའུ་ཨ་ཏི་ཨ་མན་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་ཚེས་གཅིག་ཉིན་གྱི་དགོང་མོར་འདས་པའི་ལོ་ངོ་ཉི་ཤུའི་རིང་རྒྱུན་པར་ཕྱི་རྒྱལ་གྱི་དམག་དཔུང་གིས་ཚོད་འཛིན་བྱེད་པའི་དམག་དོན་རྟེན་གཞི་དེ་བདག་དམ་བྱས་པ་དང་། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་ཚང་མ་ཕྱིར་འཐེན་བྱས་ཡོད་ཟེར།

པཱ་ཀི་ལཱ་མུའུ་མཁའ་དམག་རྟེན་གཞི་དེ་ཨ་ཧྥུའུ་ཧན་གྱི་ཕཱ་ཨར་ཝན་ཞིང་ཆེན་དུ་གནས་པ་དང་། རྒྱལ་ས་ཁཱ་པོར་བར་སྤྱི་ལེ་ལྔ་བཅུ་ཙམ་ཡོད།

ཨ་མེ་རི་ཁའི་སྐབས་སྔོན་མའི་སྲིད་གཞུང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་གཉིས་པར་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་བཀོད་པའི་གྲོས་མཐུན་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་དུས་རིམ་བགོས་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་སྔོན་ལ་ཨ་ཧྥུའུ་ཧན་ནས་དམག་དཔུང་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཁས་ལེན་བྱས་ཡོད། པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་རྗེས་སུ། ཨ་མེ་རི་ཁས་སྐབས་སྔོན་མའི་སྲིད་གཞུང་གི་ཁས་ལེན་བྱས་པའི་དུས་ཚོད་ནང་དམག་དཔུང་ཚང་མ་ཕྱིར་འཐེན་བྱེད་དཀའ་བའི་ཚུལ་བསྟན་པ་དང་། ཁོས་ཁྱབ་སྒྲོག་བྱས་དོན། ད་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་དམག་དཔུང་ཕྱིར་འཐེན་བྱེད་མགོ་རྩོམ་པ་དང་། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཨ་མེ་རི་ཁའི་དམག་དཔུང་ཚང་མ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་བོས་ཀྱང་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་ཚུལ་བསྟན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།