ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་གནད་དོན་གལ་ཆེན་མང་བོར་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་མང་བོར་གྲོས་བསྡུར་བྱས།

ཁི་ལི་མུའུ་ལིན་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་རོགས་ལས་ཐད་ཀྱི་གནད་དོན་རབ་དང་རིམ་པར་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། ཡོ་རོབ་གླིང་གི་གཏན་འཇགས་དང་བདེ་འཇགས་གྲོས་གཞིར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བརྒྱད་པར་ཧྥ་རན་སིའི་པུའུ་ལོས་ཀང་སུང་པའོ་ནས་ཡོ་རོབ་གླིང་གི་བདེ་འཇགས་དང་ཡིད་ཆེས་ཀྱི་སྒྲོམ་གཞི་གསར་བ་འཛུགས་པར་མཉམ་དུ་འབད་བརྩོན་བྱེད་པའི་ཐད་ནས་བཀོད་པའི་གྲོས་མཐུན་ལ་སྔར་བཞིན་དངོས་ཡོད་ཀྱི་དོན་སྙིང་ལྡན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བའི་ད་ལྟའི་གནས་བབ་དང་མདུན་ལྗོངས་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛུགས་སྐྲུན་རང་བཞིན་ལྡན་པ་དང་སྔོན་དཔག་རང་བཞིན་གྱི་འབྲེལ་བ་འཛུགས་པ་དང་། རྒྱུན་ལྡན་དང་ཕན་ཚུན་བརྩི་འཇོག་གི་གྲོས་མོལ་སླར་གསོ་བྱེད་པའི་གྲོས་མོལ་སྤེལ་ན། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་འཕྲོད་བསྟེན། ནམ་ཟླ། ས་ཁུལ་གྱི་འཁྲུག་རྩོད་སོགས་འདུས་པའི་གནད་དོན་མང་བོ་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་རྒྱལ་ནང་གི་ཉམས་ཉེན་ཐད་ནས་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་འཕེལ་རིམ་ལ་ཡར་སྐུལ་བཏང་སྟེ། རིམ་བཞིན་ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་མེན་སི་ཁིའི་གྲོས་མཐུན་དངོས་འབེབས་བྱེད་འདོད་ཡོད་ཟེར། གསལ་སྒྲོག་ལས་ཝུའུ་ཁི་ལན་སྲིད་གཞུང་གིས་རང་གི་དམ་བཅའ་ལག་བསྟར་བྱས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་བར་ཐད་ཀར་གྲོས་མོལ་འབྲེལ་བ་འཛུགས་པའི་དགོས་པ་ཡོད་པར་མ་ཟད། བཅའ་ཁྲིམས་ཀྱི་རིམ་པ་ནས་ཏོན་པཱ་སི་ས་ཁུལ་གྱི་དམིགས་བསལ་གོ་གནས་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་མཱ་ཁི་ལུང་ལ་ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པ་དང་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་ཐད་ནས་བཀོད་པའི་ཕྱོགས་གསུམ་གྱི་གྲོས་མཐུན་དངོས་འབེབས་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་བསྟན་དོན། ནཱ་ཁཱའི་གནད་དོན་ཐག་གཅོད་བྱེད་པར་ཕྱོགས་སོ་སོའི་བར་རོགས་ལས་བྱེད་འདོད་ཡོད་ཟེར། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ལི་པུ་ཡཱའི་གནད་དོན་དང་། དཔལ་འབྱོར་ཉོ་ཚོང་། ནུས་ཁུངས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་བྱས།

གཞན་ཡང་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གཉིས་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། མཱ་ཁི་ལུང་དང་ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཡོ་རོབ་གླིང་སྐམ་སའི་འཐབ་ཇུས་གཏན་འཇགས་གནད་དོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་གྲོས་མོལ་རྒྱ་བསྐྱེད་རྒྱུའི་ཚུལ་བསྟན། མཱ་ཁི་ལུང་གིས་བསྐྱར་སྒྲོག་བྱས་དོན། ཧྥ་རན་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་བར་སྔར་ལས་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པར་རེ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།