ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གི་རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་ཐེར་འདོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱ་ཚོགས་ཀྱི་རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་གཞུང་ཚབ་པ་ཅང་ཏོན་གྱིས་ཚེས་ཉེར་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་བདུན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་རིགས་རྒྱུད་ཚར་གཅོད་སྔོན་འགོག་བྱེད་པའི་དམིགས་བསལ་བློ་འདྲི་བ་དང་གྲོས་མོལ་བྱེད་པའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཟོས་པའི་རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་ཐེར་འདོན་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ནས་རྟོག་ཞིབ་དང་ཉེས་ཅན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཅང་ཏོན་གྱིས་བསྟན་དོན། རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་ནི་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་ནག་ཉེས་ཚབས་ཆེན་ཞིག་ཡིན་པ་དང་། མིའི་རིགས་ལ་ཡ་ང་བའི་གནོད་འཚེ་ཐེབས་སུ་བཅུག་ཡོད་ལ། དེའི་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་གྱིས་ད་ལྟའི་བར་སྔར་བཞིན་གནས་ཡོད། ཨ་མེ་རི་ཁ་རྒྱལ་ཁབ་བཙུགས་རྗེས་ཀྱི་ལོ་ངོ་བརྒྱ་ཕྲག་འགའི་རིང་ལ། དབྱིན་ཏིས་ཨན་མི་དམར་གསོད་དང་གང་འདོད་དུ་མཐར་སྐྲོད་བཏང་ཡོད། ཨ་མེ་རི་ཁའི་དབྱིན་ཏིས་ཨན་མིའི་མི་གྲངས་དེ་དུས་རབས་བཅོ་ལྔ་བའི་མཇུག་གི་ས་ཡ་ལྔ་ནས་དུས་རབས་ཉི་ཤུ་བའི་མགོའི་འབུམ་གཉིས་དང་ཁྲི་ལྔར་ཇེ་ཉུང་དུ་སོང་ཡོད། ད་ལྟ་དབྱིན་ཏིས་ཨན་མི་སྔར་བཞིན་མཐའ་འཁོབ་ཀྱི་མྱ་ངམ་ཐང་དུ་འཚོ་སྡོད་བྱེད་བཞིན་ཡོད། ཁཱ་ནཱ་ཏཱ་ཡིས་གཞིས་སྡོད་མིའི་བྱིས་པ་དག་བཙན་གྱིས་བཅའ་སྡོད་སློབ་གྲྭར་བསྐྱལ་ནས་རིགས་འགྱུར་བྱེད་དུ་འཇུག་པ་དང་། ཉུང་མཐར་ཡང་བྱིས་པ་སྟོང་གསུམ་དང་ཉིས་བརྒྱར་མནར་གཅོད་བྱས་ཏེ་ཚེ་སྲོག་འཕྲོག དེ་ནི་ཁཱ་ནཱ་ཏཱའི་རིགས་རྒྱུད་ཚར་གཅོད་ཀྱི་བྱ་སྤྱོད་འོག་གཞིས་སྡོད་མིར་གནོད་པ་བཟོས་པའི་ཟུར་ཙམ་ཡིན། ནུབ་ཕྱོགས་རྒྱལ་ཁབ་གཞན་པས་ཀྱང་མི་སེར་སྤེལ་ཡུལ་དང་རྒྱལ་ཁབ་གཞན་པར་བཙན་འཛུལ་བྱེད་པའི་བརྒྱུད་རིམ་ཁྲོད། ནག་ཉེས་ཚབས་ཆེན་བཟོས་པའི་རིགས་རྒྱུད་ཚར་གཅོད་ཀྱི་ཉེས་པ་དང་མིའི་རིགས་ལ་རྒོལ་བའི་ནག་ཉེས་བཟོས་ཡོད་ཟེར། 

ཅང་ཏོན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིགས་རྒྱུད་ཚར་གཅོད་པའི་ནག་ཉེས་ཚང་མར་ཕྱོགས་ཡོངས་ནས་དྲང་བདེན་གྱིས་རྟོག་ཞིབ་ཟབ་མོ་བྱས་ཏེ། དོན་རྐྱེན་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དང་། ནག་ཉེས་ཡོད་ཀྱང་ཆད་གཅོད་མི་བྱེད་པར་སྔོན་འགོག་བྱས་ནས། རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་མཐོང་ཆུང་སོགས་རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་མེད་པར་བཟོ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།