ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱིས་བརྙན་ལམ་ཐུག་འཕྲད་གནང་ཞིང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》དུས་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐུག་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་དངོས་སུཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》དུས་འགྱངས་བྱེད་པར་གཏན་འབེབས་བྱས་ཤིང་། ཕུའུ་ཅིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། 

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐུག་འཕྲད་གནང་བ་རེད།  

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་འཁོར20ལ་བསུ་བ་བྱ་རྒྱུ་ཡིན། 《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ནང་གཏན་འཁེལ་བྱས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འདུ་ཤེས་དེ་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་ལ། ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དང་ཡང་མཐུན་པས། དེ་ནི་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ད་ལྟའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐུས་ཚང་དང་བརྟན་ལྷིང་། སྲ་བརྟན་ཡིན་པས་རྒྱལ་སྤྱིའི་འཕོ་འགྱུར་ཆེན་པོའི་ཚོད་བགམ་གང་ཡང་ཐེག་ཐུབ་ཀྱིན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པ་དང་། འཐབ་ཇུས་མཉམ་ལས་ལ་ཕན་འབྲས་ཐོན་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་ཡོད། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་སྤུས་ཚད་དང་བྱང་ཚད་གཉིས་ཀ་མཐོར་འདེགས་བཏང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས། འཛམ་གླིང་ཟང་ཟིང་འཕོ་འགྱུར་གྱི་དུས་སྐབས་སུ་སླེབས་ཤིང་མིའི་རིགས་ཀྱི་འཕེལ་རྒྱས་ལ་ཉམས་ཉེན་མང་པོ་འཕྲད་པའི་རྒྱབ་ལྗོངས་འོག ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ནུས་བསྣན་ཞིང་རྒྱལ་སྤྱིའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད། ང་ཚོས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་མི་འགྱུར་བ་དང་སྒུལ་ཤུགས་མི་གློད་པའི་གྲུབ་འབྲས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་དམིགས་ཚད་གསར་པ་དང་ལས་འགན་གསར་པར་རྩེ་རིམ་ཇུས་འགོད་བྱས་ནས《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས།  《ཆིངས་ཡིག》གི་དགོངས་དོན་གྱི་མཛུབ་ཁྲིད་འོག མདུན་སྐྱོད་ཀྱི་ལམ་བུའི་ཐོག་ད་དུང་རི་རྩེ་ག་ཚོད་ལ་འཛེགས་དགོས་པ་དང་། དཀའ་ཚེགས་ཅི་ཙམ་སྒྲོལ་དགོས་རུང་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མུ་མཐུད་དུ་སེམས་ནུས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱ་ཐུབ་པར་ཡིད་ཆེས་ཡོད། 

ཕུའུ་ཅིང་གིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཨུ་རུ་སུ་ཡིས་ལོ་རྒྱུས་ཐོག་ཀྲུང་གོ་གུང་ཁྲན་ཏང་དང་འགྲོ་འོང་བྱས་པའི་ལོ་རྒྱུས་ཀྱི་ལམ་བུར་གཅེས་འཛིན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཏང་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་སྔར་བས་གལ་འགངས་ཆེ་བའི་ནུས་པ་འདོན་པའི་སྨོན་འདུན་ཞུ་ཞེས་བསྟན། 

ཕུའུ་ཅིང་གིས་བསྟན་དོན། 《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》གིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་བསམ་འདུན་མཚོན་པ་དང་།《ཆིངས་ཡིག》ནང་གཏན་འཁེལ་བྱས་པའི་འབྲེལ་ཡོད་རྩ་དོན་དང་དགོངས་དོན་གྱིས་ཨུ་ཀྲུང་འབྲེལ་བ་ཡུན་རིང་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་ཞིང་ཁྱད་འཕགས་ཀྱི་དོན་སྙིང་ལྡན། ཨུ་རུ་སུ་ཡིས་མིག་སྔའི་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་སྔར་མེད་ཆུ་ཚད་མཐོན་པོ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཁྱོན་ཡོངས་ནས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་ཡིད་ཚིམ་ཡོད། དེ་རིང་ང་ཚོས་མཉམ་འབྲེལ་གསལ་བསྒྲགས་བྱས་ནས《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》དུས་འགྱངས་བྱ་རྒྱུར་དངོས་སུ་ཐག་བཅད་པ་འདིས་ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་བར་རྨང་གཞི་སྔར་ལས་བརྟན་པོ་ཞིག་འདིང་རྒྱུ་རེད། ཨུ་རུ་སུ་ཡིས་ཀྲུང་གོ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་འདོད་ཡོད། འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ནས་མུ་མཐུད་དུ་རང་སོ་སོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། རང་སོ་སོས་བདམས་པའི་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཕན་ཚུན་བརྩི་འཇོག་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་དང་སྤྱི་ཚོགས་རིག་གནས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས་ཨུ་ཀྲུང་གི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཆུ་ཚད་སྔར་བས་མཐོ་བ་ཞིག་ཏུ་སླེབས་པར་བྱེད་དགོས། 

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐུག་འཕྲད་གནང་བ་རེད། 

ཞི་ཅིན་ཕིང་གིས་ཕུའུ་ཅིང་དང་ཨུ་རུ་སུའི་ལས་རིགས་སོ་སོས་བྱ་ཐབས་སྣ་ཚོགས་བརྒྱུད་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་བཀྲ་ཤིས་སྨོན་འདུན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཨུ་རུ་སུ་ཡིས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱ་ཆེད་སྤྱད་པའི་བྱེད་ཐབས་ནུས་ལྡན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཨུ་རུ་སུ་ཡིས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཟེར། 

ཕྱོགས་གཉིས་པོས་ཐུན་མོང་ཐོག་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་དང་། གོ་ལ་ཧྲིལ་པོའི་འཐབ་ཇུས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ། ཕྱོགས་མང་རིང་ལུགས་དངོས་ལ་རྒྱབ་སྐྱོར་དང་ལག་ལེན་བྱ་རྒྱུ། “དམངས་གཙོ”དང“མིའི་ཐོབ་ཐང”ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱ་རྒྱུ། ཕྱོགས་རྐྱང་གི་བཙན་ཤེད་རང་བཞིན་གྱི་བཀག་སྡོམ་ལ་ངོ་རྒོལ་བྱ་རྒྱུ་ཞེས་ནན་གྱིས་བསྟན། 

ཕྱོགས་གཉིས་པོས་ཐུན་མོང་ཐོག ཞི་བདེ་དང་འཕེལ་རྒྱས། དྲང་བཞག དྲང་བདེན།  དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་བཅག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བར་མོས་མཐུན་བྱུང་། 

ཕྱོགས་གཉིས་པོས་རིམས་ནད་ཀྱི་གནས་ཚུལ་དང་ནད་དུག་འབྱུང་ཁུངས་ལ་བརྟེན་ནས་མིང་བཙོག་ཅན་དང་ཆབ་སྲིད་ཅན་དུ་འགྱུར་བར་ཐུན་མོང་ཐོག་ངོ་རྒོལ་བྱེད་དགོས་ཞེས་ནན་གྱིས་བསྟན།  

ཕྱོགས་གཉིས་པོས་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཚོང་དོན་གཞི་ཁྱོན་མུ་མཐུད་དུ་རྒྱ་ཆེར་གཏོང་བ། ཐཱན་ཉུང་ནུས་རྒྱུ་དང་གྲངས་གཞིའི་དཔལ་འབྱོར། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུར་མོས་མཐུན་བྱུང་། ཕྱོགས་གཉིས་པོས་ལུས་རྩལ་ཆབ་སྲིད་ཅན་དུ་བསྒྱུར་བར་ཐུན་མོང་ཐོག་ངོ་རྒོལ་བྱས་ཤིང་། ཨུ་རུ་སུ་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས། 

ཕྱོགས་གཉིས་པོས་མིག་སྔའི་དུས་བབ་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་ཡོད་པས་རྩ་འཛུགས་དེའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱུང་། 

ཕྱོགས་གཉིས་པོས་ད་དུང་ཉེ་དུས་ཨ་རི་དང་བྱང་ཆིངས་ཀྱིས་ཨ་ཧྥུ་ཧན་ནས་དམག་ཕྱིར་འཐེན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཨ་ཧྥུ་ཧན་གྱི་བདེ་འཇགས་དུས་བབ་སྔར་བས་རྙོག་འཛིང་དང་ཛ་དྲག་ཏུ་སོང་བར་དོ་ཁུར་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། བརྟན་ལྷིང་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན། 

དབྱང་ཅེ་ཁྲེ་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།