ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་དབྱི་སི་ཐན་པོར་སྐྱེལ་འདྲེན་ཆུ་ལམ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་ཐན་པོར་སྐྱེལ་འདྲེན་ཆུ་ལམ་ལས་གཞི་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད་ཟེར། 

ཉིན་དེར་རྨང་འདིང་བའི་མཛད་སྒོ་དབྱི་སི་ཐན་པོར་གྲོང་ཁྱེར་ནུབ་ངོས་ཀྱི་སཱ་ཙི་ལེ་ཏའེ་ལོས་གྲོང་རྡལ་ནས་སྤེལ། ཨེ་ཨར་ཏའོ་ཨན་གྱིས་མཛད་སྒོའི་སྟེང་བཤད་རྒྱུར། ང་ཚོས་དེ་རིང་ཐུར་ཁེའི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལེའུ་གསར་བ་གསར་འབྱེད་བྱས་པ་དང་། སྲིད་གཞུང་གིས་གཙང་བོ་དེ་དབྱི་སི་ཐན་པོར་དར་རྒྱས་སུ་གཏོང་བའི་ལས་གཞི་ཞིག་ཏུ་མཐོང་ཡོད་ལ། དམིགས་ཡུལ་ནི་པའོ་སི་ཕུའུ་ལུའུ་སི་མཚོ་འགག་དང་ཉེ་འཁོར་ས་ཁུལ་གྱི་མང་ཚོགས་དག་གི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིས་སྟོང་བཅུ་གཅིག་ལོར་དབྱི་སི་ཐན་པོར་སྐྱེལ་འདྲེན་ཆུ་ལམ་འཛུགས་སྐྲུན་བྱེད་པའི་འདོད་ཚུལ་བཏོན། པའོ་སི་ཕུའུ་ལུའུ་སི་མཚོ་འགག་ནུབ་ངོས་ཀྱི་ཡོ་རོབ་གླིང་གི་ཕྱོགས་ནས་མཚོ་ནག་དང་མཱ་ཨར་མཱ་ལཱ་མཚོ་གཅིག་ཏུ་སྦྲེལ་བའི་སྐྱེལ་འདྲེན་ཆུ་ལམ་ཞིག་ལས་རྒྱུ་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་ཞེ་ལྔ་ཙམ་ཡོད། དེའི་དམིགས་ཡུལ་ནི་པའོ་སི་ཕུའུ་ལུའུ་སི་མཚོ་འགག་གི་སྐྱེལ་འདྲེན་གནོན་ཤུགས་ཞི་འཇགས་སུ་གཏོང་བའི་ཆེད་དུ་ཡིན་པ་རེད། 

པའོ་སི་ཕུའུ་ལུའུ་སི་མཚོ་འགག་གི་འཐབ་ཇུས་གོ་གནས་གལ་ཆེན་ཡིན་པ་དང་། སྣེ་གཅིག་ནི་མཚོ་ནག་དང་སྣེ་གཞན་ཞིག་ནི་མཱ་ཨར་མཱ་ལཱ་མཚོ་ནས་ས་དཀྱིལ་མཚོ་ཁོངས་དུ་བགྲོད་ས་ཡིན་ལ། དེ་ནི་འཛམ་གླིང་སྟེང་ཆེས་བྲེལ་ཟིང་ཆེ་བའི་མཚོ་ཐོག་འགྲུལ་ལམ་ཞིག་ཡིན་པ་རེད། 

དབྱི་སི་ཐན་པོར་སྐྱེལ་འདྲེན་ཆུ་ལམ་ལས་གཞིས་ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་ཚོང་འགུག་བྱེད་མགོ་བརྩམས་པ་དང་། ཚོད་དཔག་བྱས་ན་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་གཏོང་དགོས་ལ། ལོ་དྲུག་གི་ནང་ཡོངས་འགྲུབ་བྱེད་ཐུབ། ལས་གཞི་དེའི་བཟོ་སྐྲུན་ཐོག་མ་ནི་འཁོར་ལམ་བརྒྱད་ཅན་གྱི་གཞུང་ལམ་ཟམ་ཆེན་ཞིག་ཡིན་པ་དང་། དེས་མཱ་ཨར་མཱ་ལཱ་བྱང་མའི་མྱུར་བགྲོད་གཞུང་ལམ་དང་ཉེ་སྔོན་འཛུགས་སྐྲུན་བྱེད་བཞིན་པའི་རྨང་གཞིའི་སྒྲིག་ཆས་མང་བོ་སྦྲེལ་མཐུད་བྱེད་རྒྱུ་རེད། 

དབྱི་སི་ཐན་པོར་སྐྱེལ་འདྲེན་ཆུ་ལམ་ལས་གཞི་དེར་ཐུར་ཁེའི་རྒྱལ་ནང་དུ་རྩོད་གླེང་ཆེན་པོ་བྱུང་ཡོད། ངོ་རྒོལ་མཁན་གྱིས་བལྟས་ན་ལས་གཞི་དེས་སྐྱེ་ཁམས་ལ་གཏོར་བརླག་བཟོ་སྲིད་པ་དང་། ས་ཡོམ་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ལ། རྒྱལ་ཁབ་ཀྱིས་དགོས་པ་མེད་པའི་དངུལ་བུན་མང་བོ་ཁུར་དུ་ལེན་དགོས་ཡོད་པར་འདོད། ཐུར་ཁེའི་ཆེས་ཆེ་བའི་ངོ་རྒོལ་ཏང་སྤྱི་མཐུན་མི་དམངས་ཏང་གི་ཁོངས་མི། དབྱི་སི་ཐན་པོར་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱེ་མཱ་མུའུ་ཨོ་ལུའུ་ཡིས་བཤད་རྒྱུར། ཚེས་ཉེར་དྲུག་ཉིན་གྱི་རྨང་འདིང་མཛད་སྒོ་དེ་ལམ་དྲའི་འཛུགས་སྐྲུན་ཁོ་ནར་འབྲེལ་བ་ལས་སྐྱེལ་འདྲེན་ཆུ་ལམ་ལ་འབྲེལ་བ་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།