ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དང་ཨེ་ཅིབ། ཅོར་ཏན་བཅས་ཀྱིས་ཕྱོགས་གསུམ་གྲོས་ཚོགས་བསྡུས་ནས་རིམས་འགོག་དང་ནུས་ཁུངས་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དང་ཨེ་ཅིབ། ཅོར་ཏན་བཅས་ཀྱི་མགོ་ཁྲིད་པས་ཚེས་ཉེར་བདུན་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀཱ་ཏཱ་ནས་ཕྱོགས་གསུམ་གྲོས་ཚོགས་བསྡུས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་། དཔལ་འབྱོར་སྐུལ་སྤེལ། ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་པ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་རག་གི་ཙུང་ལི་ཁཱ་ཏིས་མུས་དང་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་བཅས་ཀྱིས་ཉིན་དེར་པཱ་ཀཱ་ཏཱ་ནས་ཕྱོགས་གསུམ་གྲོས་ཚོགས་བསྡུས། ཁཱ་ཏིས་མུས་ཀྱིས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཁབ་གསུམ་གྱི་མི་དམངས་ལ་བརྡ་འཕྲིན་གལ་ཆེན་ཏེ། རྒྱལ་ཁབ་གསུམ་གྱིས་ཕན་ཚུན་རྒྱབ་སྐྱོར་དང་། མཐུན་སྒྲིལ་དམ་ཟབ། མཉམ་དུ་འགྲན་རྩོད་གདོང་གིས་བསུ་བ་བཅས་བརྒྱུད་སྒྲོག་བྱེད་པ་ཡིན་ཟེར། 

ཁཱ་ཏིས་མུས་ཀྱིས་བཤད་རྒྱུར། དབྱི་རག་དང་ཨེ་ཅིབ། ཅོར་ཏན་བཅས་ཀྱི་གློག་ཤུགས་སྐྱེལ་འདྲེན་དང་ཞིང་ལས། འགྲིམ་འགྲུལ། དངུལ་ལོར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་ལས་གཞི་སྤེལ་བ་དང་། མིག་སྔར་རྒྱལ་ཁབ་གསུམ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེས་གཙོ་བོ་ནི་པྲོག་གསར་གློ་ཚད་རིམས་ནད་དང་། དཔལ་འབྱོར་དཀའ་ཁག བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཡིན་པས། རྒྱལ་ཁབ་གསུམ་གྱིས་ལངས་ཕྱོགས་གཅིག་གྱུར་དང་ཐུན་མོང་འགུལ་སྐྱོད་སྤེལ་བ་དང་། མུ་མཐུད་དུ་སི་རི་ཡཱ་དང་ཡེ་མིན། ཕཱ་ལེ་སི་ཐན་དང་དབྱི་སིར་ལ་གྱི་འཁྲུག་རྩོད་སོགས་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་མཐུན་སྦྱོར་བྱས་ནས། ས་ཁུལ་རང་གི་སྤུན་ཟླའི་རྒྱལ་ཁབ་གཞན་པས་འགྲན་རྩོད་ཐག་གཅོད་དང་ཉམས་ཉེན་ལས་ཐར་བར་རོགས་རམ་བྱེད་དགོས་ཟེར། 

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཁྱབ་ཁོངས་མང་བོའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དབྱི་རག་དང་ཨེ་ཅིབ་བར་གྱི་ཅོར་ཏན་བརྒྱུད་དེ་གློག་ཤུགས་དང་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པ་དང་། དབྱི་རག་གི་པཱ་ཧྲི་ལཱ་དང་ཅོར་ཏན་གྱི་ཡཱ་ཁཱ་པཱ་བར་དུ་སྣུམ་འདྲེན་སྦུག་ལམ་འཛུགས་སྐྲུན་བྱེད་པ་སོགས་འདུས། རྒྱལ་ཁབ་གསུམ་བར་དུ་བདེ་འཇགས་དང་བརྡ་འཕྲིན་མཉམ་ལས་ལ་ཤུགས་བསྣན་ནས་འཇིགས་སྐུལ་རིང་ལུགས་དང་། དུག་རྫས་ལྐོག་འཚོང་། དྲ་རྒྱའི་ནག་ཉེས་བཅས་ལ་ཆམ་ཕབ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། དབྱི་རག་དང་ཅོར་ཏན་གྱིས་ཨེ་ཅིབ་ཀྱི་བསྐྱར་དར་ཆུ་རགས་ཆེན་མོའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་དང་ཨེ་ཅིབ། ཅོར་ཏན་བཅས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཚུན་ལ། མགོ་ཁྲིད་པའི་གྲོས་མོལ་ཐེངས་གསུམ་ལ་སྤེལ་བ་དང་། གཙོ་བོ་ནི་རྒྱལ་ཁབ་གསུམ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ་དེ་རེད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།