ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ཀྱི་ལྟ་རྟོག་རྒྱུ་ཆ་བརྒྱུད་སྤྲོད་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཉིང་རྡུལ་ནུས་པའི་ཞིབ་བཤེར་བྱ་བའི་ཐད་ནས་བཀོད་པའི་གནས་སྐབས་ལག་རྩལ་གྱི་གྲོས་མཐུན་ཡུན་ཚད་ལོངས་པས། དབྱི་ལིང་ཕྱོགས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ཀྱི་ལྟ་རྟོག་རྒྱུ་ཆ་བརྒྱུད་སྤྲོད་བྱེད་མི་སྲིད་ཟེར། 

དབྱི་ལིང་གི་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ལེ་པཱ་ཧྥུའུ་ཡིས་ཉིན་དེར་དབྱི་ལིང་གྲོས་ཁང་གི་གྲོས་ཚོགས་སྟེང་བཤད་རྒྱུར། འདས་པའི་ཟླ་ངོ་བཞིའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་བརྙན་རིས་ལྟ་རྟོག་རྒྱུ་ཆ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་མི་སྲིད་པ་དང་། མུ་མཐུད་དུ་དབྱི་ལིང་ཕྱོགས་ཀྱིས་ཉར་འཇོག་བྱེད་རྒྱུ་ཡིན་ཟེར། 

ད་ལོའི་ཟླ་གཉིས་པར། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཆེས་རིང་ན་ཟླ་ངོ་གསུམ་གྱི་གནས་སྐབས་ལག་རྩལ་གྲོས་མཐུན་ཞིག་བཀོད། གྲོས་མཐུན་དེའི་ཡུན་ཚད་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ལོངས་པས། དབྱི་ལིང་ཕྱོགས་ཀྱིས་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྲོས་མཐུན་དེའི་ཡུན་ཚད་ཟླ་ངོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། གྲོས་མཐུན་དེ་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ནང་ལྟ་རྟོག་བརྙན་མིག་སྒྲིག་སྦྱོར་བྱས་ཏེ། མུ་མཐུད་དུ་དགོས་ངེས་ཀྱི་ཉིང་ནུས་ཞིབ་བཤེར་དང་ལྟ་རྟོག་བྱ་འགུལ་སྤེལ་བ་དང་། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་སྒྲིག་ཆས་རེ་འགའི་བརྙན་རིས་ལྟ་རྟོག་རྒྱུ་ཆ་ཉར་འཇོག་བྱེད་དགོས། གལ་ཏེ་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་བཏང་ན། དབྱི་ལིང་གིས་ལྟ་རྟོག་རྒྱུ་ཆ་དེ་དག་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་སྤྲོད་རྒྱུ་རེད། 

ཟླ་འདིའི་ཚེས་ཉེར་ལྔ་ཉིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གིས་གནས་སྐབས་ལག་རྩལ་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་མིན་ཐད་ནས་ལན་སྟེར་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།