ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་འབྲེལ་ཡོད་ཕྱོགས་ཀྱིས་དཀའ་ཚེགས་ཀྱི་ཆོད་དོན་སྤེལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ། ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་དབུ་བཞུགས་འཐུས་མི་ཨ་ལཱ་ཀི་ཞེ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མྱུར་སྐྱོབ་བྱེད་ཆེད། དབྱི་ལིང་གིས་དེའི་སྔོན་དཀའ་ཚེགས་ཀྱི་ཆོད་དོན་སྤེལ་ཡོད་ལ། ད་ལྟ་འབྲེལ་ཡོད་ཕྱོགས་ཁག་གཞན་པས་དཀའ་ཚེགས་ཀྱི་ཆོད་དོན་སྤེལ་དགོས་ཟེར། 

ཨ་ལཱ་ཀི་ཞེ་ཡིས་ཉིན་དེར་དབྱི་ལིང་གྲོས་ཁང་གི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གྲོས་མོལ་བྱས། ཁོས་གྲོས་མོལ་བྱས་རྗེས་དབྱི་ལིང་གི་དབྱི་སི་ལན་གྲོས་ཁང་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་སྐབས། དབྱི་ལིང་གིས་དཀའ་ཚེགས་ཀྱི་ཆོད་དོན་གལ་ཆེན་སྤེལ་ནས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོར་འཇོག་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

ཁོས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གནད་དོན་ཐད་ནས་སྐོར་ཐེངས་དྲུག་ལ་གྲོས་མོལ་བྱས་པ་དང་། ཐག་གཅོད་བྱས་མེད་པའི་གནད་དོན་ལ་གྲོས་བསྡུར་གང་ལེགས་བྱས། མིག་སྔར་གྲོས་མོལ་དེ་ཆེས་མཇུག་མཐའི་དུས་རིམ་དུ་བསླེབ་ཡོད་ལ། ད་ལྟ་འབྲེལ་ཡོད་ཕྱོགས་ཁག་གཞན་པས་སྤེལ་བཞིན་པའི་གྲོས་མོལ་གཞིར་བཟུང་སྟེ་དཀའ་ཚེགས་ཀྱི་ཆོད་དོན་སྤེལ་བའི་དུས་ལ་བབས་ཡོད་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། དབྱི་ལིང་གིས་གྲོས་མོལ་ནས་ཐུན་མོང་ལྟ་ཚུལ་འབྱུང་བར་བསམ་ཡོད་པ་དང་། སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཕམ་ཉེས་ཀྱི་ཤུལ་བཞག་དེ་བསྐྱུར་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། དབྱི་ལིང་གིས་དུས་ཡུན་ལ་ཚད་བཀག་མེད་པར་གྲོས་མོལ་བྱེད་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།