ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པས་སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་ཚེས་ཉེར་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱའི་ཆབ་སྲིད་གནད་དོན་གྱི་ཡོངས་བསྒྲགས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཀིན་ཧྲོང་གིས་བཤད་རྒྱུར། སི་རི་ཡཱའ་གནད་དོན་དེ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་དང་། ཆབ་སྲིད་ཐབས་ལམ་ལ་གྲུབ་འབྲས་མངོན་གསལ་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་གཟོད་མི་ཆོས་ཐབས་ལམ་དུ་འབད་འབུངས་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡཱས་གཙོ་ཁྲིད་བྱས་ཤིང་སི་རི་ཡཱའི་མི་ཚང་མར་དབང་བའི་ཆབ་སྲིད་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྐོར་ཐེངས་དྲུག་པའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བ་དེ་སྒེར་ཚུགས་སྲུང་འཛིན་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མི་ཐེབས་པའི་གནས་ཚུལ་འོག་སྔ་མོ་ནས་མགོ་རྩོམ་དགོས་པའི་རེ་བ་བཏོན། 

ཀིན་ཧྲོང་གིས་བསྟན་དོན། རྩ་ཁྲིམས་གཏན་འབེབས་དང་འདེམ་བསྐོའི་བྱ་འགུལ་ཙམ་གྱིས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་ཐབས་མེད། ཆབ་སྲིད་ཐད་ནས་གྲུབ་འབྲས་ལོན་པར་བྱེད་འདོད་ན། སི་རི་ཡཱའི་ཕྱོགས་ཁག་སོ་སོ་དང་སི་རི་ཡཱའི་གནས་བབ་ལ་ཤུགས་རྐྱེན་ཡོད་པའི་ཕྱོགས་སོ་སོའི་བར་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པ་དང་། དེའི་རྨང་གཞིའི་སྟེང་སི་རི་ཡཱའི་མི་དམངས་ཀྱིས་སེམས་ཁུར་བྱེད་པའི་ཐུན་མོང་གི་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་ཆགས་པར་བྱས་ཏེ། རིམ་པ་དང་ཚད་མི་འདྲ་བའི་ཐབས་ཀྱིས་དངོས་འབེབ་བྱེད་དགོས་ཟེར། 

ཀིན་ཧྲོང་གིས་བཤད་རྒྱུར། སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་ན་ངེས་པར་དུ་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོར་འགན་སྲུང་བྱེད་དགོས་ཟེར། 

ཀིན་ཧྲོང་གིས་བསྟན་དོན། སི་རི་ཡཱའི་དཔལ་འབྱོར་ཐད་དཀའ་ཁག་ཆེན་པོ་གནས་ཡོད་པས། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ལྟར་རོགས་སྐྱོར་མ་བྱས་ན། མི་ཆོས་ཀྱི་མཇུག་འབྲས་བློ་ཡུལ་ལས་འདས་པ་འབྱུང་སྲིད། ཀྲུང་གོའི་ཕྱོས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དག་གིས་སི་རི་ཡཱའི་དཔལ་འབྱོར་དང་འཕེལ་རྒྱས་ཐད་ཀྱི་རོགས་སྐྱོར་སླར་གསོ་བྱས་ནས། རོགས་སྐྱོར་དེ་ཆབ་སྲིད་འཕེལ་རིམ་དང་སྦྲེལ་བ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།