ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་གནས་སྤོར་སྡོད་དམངས་སུམ་བརྒྱ་ཙམ་ཡེ་མིན་ཉེ་འདབས་ཀྱི་མཚོ་ཁོངས་ནས་མཚོར་ནུབ་ནས་རྐྱེན་ལམ་དུ་ཤོར་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་བ་ཀི་ལོས་སི་ལེ་ཡིས་ཚེས་ཉེར་བཞི་ཉིན་རྒྱལ་སྤྱིའི་གླེང་སྟེགས་སྟེང་གཏམ་བཤད་སྤེལ་ཏེ། ཡེ་མིན་ཉེ་འདབས་མཚོ་ཁོངས་སུ་ཉེ་སྔོན་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་སུམ་བརྒྱ་ཙམ་མཚོར་ནུབ་ནས་རྐྱེན་ལམ་དུ་ཤོར་ཟེར། 

ཀི་ལོས་སི་ལེ་ཡིས་དོན་དེའི་ཐད་ནས་གནས་ཚུལ་མང་བོར་ཞིབ་ཏུ་གླེང་མེད། ཡེ་མིན་ལྷོ་ཕྱོགས་ཀྱི་ལཱ་ཧི་ཅི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཡཱ་ཧྥེ་ཡིས་ཚེས་ཉེར་བཞི་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་ཞིང་ཆེན་དེའི་ཉེ་འདབས་མཚོ་ཁོངས་སུ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་པའི་དོན་རྐྱེན་བྱུང་། ས་དེའི་སྡོད་དམངས་ཀྱིས་ཉུང་མཐར་ཡང་མཚོ་འགྲམ་དུ་ཁུར་ཡོང་བའི་འདས་པོའི་བེམ་པོ་ཉེར་ལྔ་རྙེད་ཡོད་ཟེར། 

ཡཱ་ཧྥེ་ཡིས་བསྟན་དོན། ཁོས་ས་གནས་ཚོ་ཁག་གི་མགོ་བ་ལས་རྒྱུས་ལོན་བྱུང་བ་ལྟར་ན། གྲུ་གཟིངས་དེ་ནི་ལཱ་ཧི་ཅི་ཞིང་ཆེན་ནུབ་ངོས་ཀྱི་མཚོ་ཁོངས་ནས་ནུབ་པ་དང་། གྲུ་གཟིངས་སྟེང་གི་གནས་སྤོར་སྡོད་དམངས་མང་ཆེ་བ་དང་ཡེ་མིན་གྱི་གྲུ་བ་རྐྱེན་ལམ་དུ་ཤོར་ཟེར། 

གཞན་ཡང་འབྲེལ་ཡོད་མི་སྣས་བསྒྲགས་པ་ལྟར་ན། རྒྱ་མཚོར་ནུབ་པའི་གྲུ་གཟིངས་དེ་ནི་ཅི་པུའུ་ཐིས་ཀྱི་གྲུ་ཁ་ཞིག་ནས་ལམ་དུ་ཆས་པ་དང་། སྐབས་ཐོག་དེར་གྲུ་གཟིངས་སྟེང་དུ་མི་སུམ་བརྒྱ་དང་དྲུག་ཡོད་པ་རེད། མཇུག་མཐར་མི་ལྔ་མ་གཏོགས་སྲོག་ཉེན་ལས་སྐྱོབ་ཐུབ་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།