ཀྲུང་གོའི་འཐུས་མིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཚད་ཆེན་པོས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་ཚེས་ཉེར་བཞི་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་གྱི་ཕཱ་ལེ་སི་ཐན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། ཕྱོགས་སོ་སོ་དང་ཁྱདཔ་ར་དུ་དབྱི་སི་རལ་གྱིས་ཚད་ཆེན་པོས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་། 

ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་བཞག་ནས་ཟླ་ངོ་གཅིག་ཀྱང་འགོར་མེད་ཅིང་། དབྱི་སི་རལ་སྲིད་གཞུང་གིས་ཆོས་ལུགས་ལྷ་མཁར་ནས་དར་ཆ་བསྒྲེངས་པའི་ཁྲོམ་སྐོར་བྱ་འགུལ་སྤེལ་བར་ཡིད་འཐད་བྱུང་བ་ལས་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཅཱ་ཧྲ་ས་ཁུལ་དུ་ཡང་བསྐྱར་བར་སྣང་འཇབ་རྒོལ་དོན་རྐྱེན་བྱུང་། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ཁྱད་པར་དུ་དབྱི་སི་རལ་ཕྱོགས་ཀྱིས་ཚད་ཆེན་པོས་རང་ཚོད་བཟུང་སྟེ། དཀྲུག་འཕེན་གྱི་བྱ་སྤྱོད་གང་རུང་འབྱུང་བར་སྔོན་འགོག་དང་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་སྔོན་འགོག་བྱས་ནས། འགལ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བའི་བྱ་སྤྱོད་གང་རུང་སྔོན་འགོག་བྱེད་པའི་སྐུལ་མ་གཏོང་བཞིན་ཡོད། དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཆོས་ལུགས་ལྷ་མཁར་གྱི་ལོ་རྒྱུས་གནས་ཚུལ་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པ་དང་། མུའུ་སི་ལིན་མང་ཚོགས་ཀྱི་ཆོས་ལུགས་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་ཟེར། 

ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ས་ཁོངས་སུ་ཁྲིམས་འགལ་གྱི་གཏན་སྡོད་ཁང་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་དང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པའི་བཀག་རྒྱ་གཙོ་བོ་ཡིན་པ་དང་། གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྩ་བ་ནས་འགལ་ཡོད་ལ། ཕཱ་ལེ་སི་ཐན་མི་དམངས་ཀྱི་རང་ཐག་གཅོད་པའི་དབང་ཆ་དང་བདག་དབང་ལ་གནོད་པ་ཚབས་ཆེན་བཟོས་ཡོད། དེ་ནི་ད་ལོའི་ཟླ་ལྔ་བར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་འབྱུང་རྐྱེན་ཡང་ཡིན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་སི་རལ་གྱིས་མྱུར་མོར་བཙན་བཟུང་བྱས་པའི་ས་ཁོངས་སུ་གཏན་སྡོད་བྱེད་ས་རྒྱ་བསྐྱེད་པའི་བྱ་བ་མཚམས་འཇོག་པ་དང་། ཕཱ་ལེ་སི་ཐན་མང་ཚོགས་ཀྱི་སྡོད་ཁང་བཤིག་མཚམས་འཇོག་པ། ཕཱ་ལེ་སི་ཐན་གྱི་མང་ཚོགས་མཐར་སྐྲོད་གཏོང་མཚམས་བཞག་སྟེ། ཟོལ་མེད་ཀྱིས་ཉིན་རེར་འབུར་ཐོན་དུ་འགྱུར་བཞིན་པའི་གཏན་སྡོད་མཁན་དང་འབྲེལ་བའི་དྲག་ཤུགས་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཟེར། 

ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་གྲོགས་པོ་ཡིན་པའི་ཆ་ནས། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཁེ་དབང་བརྩོན་ལེན་བྱེད་པའི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་མཐའ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པའི་བདག་དབང་ཡོད་ལ་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།