ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱིན་ཇིའི་མཐར་སྐྲོད་གྲུ་གཟིངས་ཨུ་རུ་སིའི་མཐའ་མཚམས་སུ་ཡོང་བའི་གནད་དོན་ཐད་ནས་དབྱིན་ཇི་ལ་ངོ་རྒོལ་དྲག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞི་ཉིན་ཨུ་རུ་སིར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེན་མོ་པུའུ་ལུང་ནེ་ཐི་བོས་ནས། དབྱིན་ཇིའི་མཚོ་དམག་གི་སྲུང་སྐྱོབ་མཁན་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་དེ་མཚོ་ནག་མཚོ་ཁོངས་ནས་ཨུ་རུ་སིའི་མཐའ་མཚམས་སུ་ཡོང་བའི་གནད་དོན་ཐད་ལ་ངོ་རྒོལ་དྲག་པོ་བྱེད་པའི་ཚུལ་བསྟན། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དབྱིན་ཇིའི་མཚོ་དམག་གི་མཐར་སྐྲོད་གྲུ་གཟིངས་དེ་མཚོ་ནག་མཚོ་ཁོངས་ནས་ཨུ་རུ་སིའི་མཐའ་མཚམས་སུ་ཡོང་བའི་དཀྲུག་འཕེན་དང་ཉེན་ཁའི་བྱ་སྤྱོད་དེའི་ཐད་ནས་པུའུ་ལུང་ནེ་ཐི་ལ་ངོ་རྒོལ་དྲག་པོ་བྱེད་པའི་ཚུལ་བསྟན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། དབྱིན་ཇིའི་ཕྱོགས་ཀྱི་བྱ་སྤྱོད་དེ་གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་དང་འགལ་ཡོད་པར་འདོད། ཨུ་རུ་སིའི་ཕྱོགས་ཀྱིས་གལ་ཏེ་ཡང་བསྐྱར་རིགས་དེ་འདྲའི་དཀྲུག་འཕེན་བྱ་སྤྱོད་བྱུང་ན། མཇུག་འབྲས་ཡོད་ཚད་དབྱིན་ཇིས་ཁུར་དུ་ལེན་དགོས་པའི་ཉེན་བརྡ་བཏང་། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། དབྱིན་ཇིའི་མཐར་སྐྲོད་གྲུ་གཟིངས་མཚོ་ནག་མཚོ་ཁོངས་ནས་ཨུ་རུ་སིའི་མཐའ་མཚམས་སུ་ཡོང་བའི་བྱ་སྤྱོད་དེ་ནི་གྲ་སྒྲིག་ཡོད་ཅིང་བསམ་བཞིན་སྤེལ་བའི་དཀྲུག་འཕེན་བྱ་སྤྱོད་ཅིག་རེད། དབྱིན་ཇིའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད་པ་དང་། དཀྲུག་འཕེན་བྱ་སྤྱོད་ལ་ལངས་ཕྱོགས་བརྟན་པོ་བཟུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།