ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་གྱི་དྲ་རྒྱའི་ལས་ཁུངས་བཙུགས་ནས་དྲ་རྒྱའི་དཔུང་འཇུག་ལ་ཁ་གཏད་འཇལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གསུམ་ཉིན་མཉམ་འབྲེལ་གྱི་དྲ་རྒྱའི་ལས་ཁུངས་འཛུགས་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འབྲེལ་ཡོད་ཐོན་ཁུངས་དང་ནུས་པ་གཅིག་སྡུད་བྱས་ཏེ། མཉམ་དུ་དྲ་རྒྱའི་དཔུང་འཇུག་ཐག་གཅོད་བྱེད་པའི་ཆེད་དུ་རེད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མཉམ་འབྲེལ་གྱི་དྲ་རྒྱའི་ལས་ཁུངས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་ལ་སྟེགས་བུ་འདོན་སྤྲོད་བྱས་ནས། ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་ལས་དང་བདེ་འཇགས་ཐབས་ལམ་བརྒྱུད་དེ་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། མཉམ་འབྲེལ་གྱི་དྲ་རྒྱའི་ལས་ཁུངས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་རྒྱ་ཆེ་བའི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་དང་ཉམས་ཉེན་ལ་མཐུན་སྦྱོར་གཅིག་གྱུར་གྱི་རྣམ་འགྱུར་སྟོན་པར་འགན་སྲུང་བྱེད་རྒྱུ་མ་ཟད། དཔུང་འཇུག་དེ་དག་གི་ཁྲོད་ནས་རོགས་རམ་སླར་གསོ་བྱེད་རྒྱུ་རེད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་ཚོང་རར་དོ་དམ་བྱེད་པའི་འགན་ཁུར་བའི་ཨུ་ཡོན་པུའུ་ལོས་ཏུང་གིས་བཤད་རྒྱུར། མཉམ་འབྲེལ་གྱི་དྲ་རྒྱའི་ལས་ཁུངས་ནི་ཡོ་རོབ་གླིང་མནའ་འབྲེལ་ལ་ཉིན་རེར་ཇེ་མང་དང་རྙོག་འཛིང་དུ་འགྱུར་བཞིན་པའི་དྲ་རྒྱའི་འཇིགས་ཉེན་མི་ཐེབས་པར་སྲུང་སྐྱོབ་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་ཟེར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་མཱ་ཀི་ལོས་ཐི་ཝེ་སི་ཐཱ་ཀི་ཡིས་བཤད་རྒྱུར། མཐུན་སྦྱོར་གྱི་ཐབས་ལ་བརྟེན་ནས་འཇིགས་ཉེན་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་དྲ་རྒྱ་དང་བརྡ་འཕྲིན་བདེ་འཇགས་ཅུའུ་ཡིས་མཉམ་འབྲེལ་གྱི་དྲ་རྒྱའི་ལས་ཁུངས་ཀྱི་འབྲེལ་ཡོད་བྱ་བར་མགོ་ཁྲིད་བྱེད་རྒྱུ་ཡིན་པ་དང་། ལས་ཁུངས་དེའི་འཛུགས་སྐྲུན་རིམ་པ་བཞིར་དགར་ནས་ལག་བསྟར་བྱེད་རྒྱུ་ཡིན་ལ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པ་ནས་ལས་མགོ་བརྩམས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དྲུག་པར་ཡོངས་འགྲུབ་བྱེད་པའི་འཆར་གཞི་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།