ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་དོན་སྙིང་ཅི་ཡང་མེད་པའི་འབྲེལ་འདྲིས་བྱེད་པར་བསམ་བློ་གཏན་ནས་བཏང་མྱོང་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལིས་ཧྲན་ཆོན་གྱིས་བསྟན་དོན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་དོན་སྙིང་ཅི་ཡང་མེད་པའི་འབྲེལ་འདྲིས་བྱེད་པར་བསམ་བློ་གཏན་ནས་བཏང་མྱོང་མེད་ཟེར། 

ལིས་ཧྲན་ཆོན་གྱིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་པ་ནི་དུས་ཚོད་ཆུད་ཟོས་སུ་བཏང་བ་ཡིན་པས། ཁྲའོ་ཞན་གྱིས་དོན་དེར་བསམ་བློ་བཏང་མྱོང་མེད། ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡིས་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱིས་ཉེ་སྔོན་ཨ་མེ་རི་ཁར་དམིགས་ནས་གཏམ་བཤད་སྤེལ་བར་དགའ་བསུ་བྱེད་བཞིན་ཡོད་ཟེར། 

ཅིན་ཡུས་ཀྲིན་གྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལེ་ཝུན་གྱིས་ཉེ་སྔོན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བསྟན་པའི་ཨ་མེ་རི་ཁར་བཟུང་བའི་ལངས་ཕྱོགས་ནི་སྤྲོ་བ་ཡོད་པའི་བརྡ་ཞིག་ཡིན་པར་བསྟན་ཡོད་ལ། ཨ་མེ་རི་ཁས་རང་སེམས་རང་གིས་གསོ་བའི་ཐབས་ཀྱིས་ཁྲའོ་ཞན་གྱི་ལངས་ཕྱོགས་ལ་རྒྱུས་ལོན་བྱེད་བཞིན་ཡོད་པ་འདྲ། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་གྱིས་ཨ་མེ་རི་ཁར་བཟུང་བའི་ལངས་ཕྱོགས་ལ་ནོར་འཆུག་གི་རེ་བལྟོས་བྱས་ཡོད་ཚེ། རང་ཉིད་བློ་ཕམ་ཡིད་ཆད་ཀྱི་གནས་སུ་ལྷུང་བ་ལས་འོས་མེད་ཟེར། 

ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་བདུན་ཉིན་ངལ་རྩོལ་ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། རྒྱལ་ཁབ་རང་གི་ལ་རྒྱ་དང་རང་བདག་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད། ཁྲའོ་ཞན་གྱིས་ཨ་མེ་རི་ཁར་བཟུང་བའི་ལངས་ཕྱོགས་ནི་གྲོས་མོལ་དང་ངོ་རྒོལ་ཕྱོགས་གཉིས་ནས་གྲ་སྒྲིག་བྱས་ཡོད་པ་དང་། ཁྱད་པར་དུ་གནད་དོན་མི་འབྱུང་བར་ཆེད་དུ་ངོ་རྒོལ་གྱི་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར། 

ཧྲ་ལེ་ཝུན་གྱིས་ཚེས་ཉི་ཤུ་ཉིན་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཅིན་ཀྲིན་ཨིན་གྱི་གོང་གི་ཨ་མེ་རི་ཁར་བཟུང་བའི་ལངས་ཕྱོགས་ཀྱི་རྒྱས་བཤད་དེ་ནི་སྤྲོ་བ་ཡོད་པའི་བརྡ་ཞིག་ཏུ་མཐོང་ཡོད་པ་དང་། ཨ་མེ་རི་ཁས་ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་ཐད་ཀར་འབྲེལ་འདྲིས་བྱེད་མིན་ལ་བརྟག་རྒྱུ་ཡིན་ཟེར། ཁོས་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁས་ཁྲའོ་ཞན་བར་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་ལས་གཞིའི་ཐད་ནས་རྩ་དོན་ཡོད་པའི་གྲོས་མོལ་སྤེལ་ནས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་མཇུག་མཐའི་དམིགས་འབེན་མངོན་འགྱུར་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།