ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་དབྱི་ལིང་གི་སྨྱན་བྱད་དྲ་ཚིགས་ཀྱི་སྒོ་བརྒྱབ་པ་ནི་གཏམ་བརྗོད་རང་དབང་ལ་གཏོར་བརླག་བྱས་པ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་གི་སྨྱན་བྱད་དྲ་ཚིགས་མང་བོའི་སྒོ་བརྒྱབ་པའི་བྱ་སྤྱོད་དེ་ལས་ཨ་མེ་རི་ཁས་མ་ལག་ལྡན་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་གཏམ་བརྗོད་རང་དབང་ལ་གཏོར་བརླག་བྱེད་བཞིན་པ་མཚོན་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེས་སྨྱན་བྱད་ཀྱི་རང་དབང་ལ་ཚོད་འཛིན་བྱས་པ་དང་། དེ་ནི་ངོ་ནོངས་དགོས་པའི་ཚད་གཞི་ཟུང་ལྡན་ཞིག་རེད། ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་སྐབས་སྔོན་མའི་སྲིད་གཞུང་གི་ཐབས་ལམ་བསྐྱར་བཟླས་བྱེད་བཞིན་ཡོད་ལ། སྲིད་ཇུས་དེ་རིགས་ལས་ཨ་མེ་རི་ཁ་ཕམ་ཉེས་འབྱུང་བ་ལས་འོས་མེད་ཟེར། 

ཁོས་བཤད་རྒྱུར། དབྱི་ལིང་སྲིད་གཞུང་གིས་ཨ་མེ་རི་ཁའི་ཁྲིམས་འགལ་དང་བཙན་ཤེད་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་བཀག་སྡོམ་ལ་འགལ་བ་རྒྱུ་མཚན་དུ་བྱས་ཏེ་དབྱི་ལིང་གི་གསར་འགྱུར་སྨྱན་བྱད་སུམ་ཅུ་ལྷག་གི་དྲ་ཚིགས་སྒོ་བརྒྱབ། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་ལིང་དབྱི་སི་ལན་རྒྱང་སྒྲོག་དང་བརྙན་འཕྲིན་མནའ་འབྲེལ་གྱིས་ལས་གཉེར་བྱེད་པའི་དྲ་ཚིགས་སོ་གསུམ་དང་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྲིན་ཀྲུའུ་སྟོང་ཤོག་གིས་གཉེར་བའི་དྲ་ཚིགས་གསུམ་གྱི་སྒོ་བརྒྱབ་ཡོད། དྲ་ཚིགས་དེ་དག་གི་ས་ཁོངས་མིང་ཨ་མེ་རི་ཁའི་ཀུང་ཟིར་དབང་བ་ཡིན་ལ། དབྱི་ལིང་དབྱི་སི་ལན་རྒྱང་སྒྲོག་དང་བརྙན་འཕྲིན་མནའ་འབྲེལ་དང་ཀྲིན་ཀྲུའུ་སྟོང་ཤོག་ལ་དེའི་སྔོན་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།