ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲི5500ལྷག་འཛམ་གླིང་ཡོངས་ལ་བགོ་བཤའ་རྒྱག་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཕོ་བྲང་དཀར་པོས་ཚེས21ཉིན་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲི5500ལྷག་འཛམ་གླིང་ཡོངས་ལ་བགོ་བཤའ་རྒྱག་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས།

ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པའི“པྲོག་གསར་གློ་ཚད་ཀྱི་འགོག་སྨན་ལག་བསྟར་བྱེད་པའི་འཆར་གཞི”ལས་ཐེངས་འདིར་མཉམ་སྤྱོད་བྱེད་པའི་འགོག་སྨན་ཕལ་ཆེར་ཁྲི4100ལ་ཆོག་མཆན་འགོད་འཆར་ཡོད་ལ། དེ་ཁྲོད་ཀྱི་ཁྲི1400ལྷག་ལ་ཏིང་མེ་གླིང་དང་ཅཱ་ལི་པི་ས་ཁུལ་དུ་འདོན་སྤྲོད་བྱ་རྒྱུ་དང་། འགོག་སྨན་ཁྲི1600ལྷག་ཨེ་ཤེ་ཡ་ས་ཁུལ་དང་། འགོག་སྨན་ཁྲི1000ལྷག་ཧྥེ་གླིང་ས་ཁུལ་དུ་འདོན་སྤྲོད་བྱ་རྒྱུ་རེད། དེའི་ལྷག་མའི་ཁྲི1400ལྷག་ཐད་ཀར་དུ་ཨ་ཧྥུ་ཧན་དང་དབྱི་རག། ཙོར་ཏན་ཆུ་བོའི་ནུབ་རྒྱུད། ཅཱ་ཧྲ་ས་ཁུལ་གྱི་རྒྱལ་ཁབ་དང་ས་ཁུལ་དུ་འདོན་སྤྲོད་བྱ་རྒྱུ་རེད།

ཨ་རིའི་ཙུང་ཐུང་པའེ་ཏིང་གིས་ཚེས5ཉིན་ཨ་རིས་ཟླ6པའི་ཟླ་མཇུག་སྔོན་ལ་འཛམ་གླིང་ཡོངས་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཁྲི8000མཉམ་སྤྱོད་བྱ་རྒྱུ་ཡིན་ཚུལ་བསྟན་པ་དང་། ཟླ6པའི་ཚེས3ཉིན་པའེ་ཏིང་གིས་ཆེས་ཐོག་མར་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཁྲི2500བགོ་བཤའ་རྒྱག་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས།

མིག་སྔར་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་མི་འདང་བ་དང་། རྒྱལ་ཁབ་དང་ས་ཁུལ་ཁ་ཤས་སུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ནའང་། ཨ་རིས་གསོག་སྐྱིལ་བྱས་པའི་འགོག་སྨན་གྱི་གྲངས་ཚད་དེ་རྒྱལ་ནང་གི་དགོས་མཁོ་ལས་མང་དུ་བརྒལ་ཡོད་སྟབས“མི་རིགས་རིང་ལུགས་ཀྱི་འགོག་སྨན”ལ་ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ཚད་མེད་བྱེད་ཀྱིན་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།