ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཤུགས་ཚད་ཇེ་ཆེར་བཏང་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལུའུ་ཡིས་ཚེས་བཅུ་དགུ་ཉིན་ཀཱ་ནཱའི་རྒྱལ་ས་ཨ་ཁི་ལཱ་ནས་བསྟན་དོན། དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པས། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཉིས་སྟོང་བཅུ་དགུ་ལོར་གྲོས་འཆམ་བྱུང་བའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ས་ཁོངས་འགུལ་སྐྱོད་ཇུས་གཞི་མྱུར་མོར་དངོས་འབེབ་བྱེད་དགོས་ཟེར། 

པུའུ་ལུའུ་ཡིས་ཉིན་དེར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་སྐབས་ང་དགུ་བའི་སྟེང་བཤད་རྒྱུར། ཉིས་སྟོང་ཉི་ཤུའི་ཚུན་ལ། ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་བདུན་བརྒྱ་ཙམ་བྱུང་སྟེ། དམག་མི་དང་མི་སེར་དཀྱུས་མ་སྟོང་གཉིས་ཀྱི་ཚེ་སྲོག་ཤོར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མ་དངུལ་དང་སྟོབས་ཤུགས་མང་དུ་བཏང་ནས། ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར་གྲོས་འཆམ་བྱུང་བའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ས་ཁོངས་འགུལ་སྐྱོད་ཇུས་གཞི་མྱུར་དུ་དངོས་འབེབ་བྱས་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཚོད་འཛིན་བྱེད་དགོས་ཟེར། 

པུའུ་ལུའུ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་གཙོ་བོ་པུའུ་ཁི་ནཱ་ཧྥ་སོ་དང་མཱ་ལི། ནེ་ཀྲིར། ནེ་ཀྲི་རི་ཡཱ་བཅས་རྒྱལ་ཁབ་བཞི་ནས་བྱུང་བ་དང་། མཚོ་འགྲམ་རྒྱལ་ཁབ་དག་ཏུ་རྒྱ་ཡན་ལ་འགྲོ་བཞིན་ཡོད་ལ། ཨ་ཧྥེ་རི་ཁ་ནུབ་མའི་ས་ཁོངས་སུ་མང་ཚོགས་སྔར་ལས་མང་བོར་འགྲོ་སའི་ཁྱིམ་མེད་པར་འགྱུར་བཞིན་ཡོད། 

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་ནི་གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོར་བཙུགས་པ་དང་། ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་ལ། མིག་སྔར་ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་གྱི་ཆེས་ཆེ་བའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཡིན་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནས་མེ་སྒོར་ཐེར་འབུམ་གཅིག་བསྡུས་ཏེ་ས་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་བཀོལ་བར་གཅིག་གྱུར་ཡིད་འཐད་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།