ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པའི་འགོ་ཁྲིད་མི་སྣས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་རྒྱུའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལུའུ་ཡིས་ཚེས་བཅུ་དགུ་ཉིན་ཀག་ནའི་རྒྱལ་ས་ཨ་ཁི་ལ་སན་བསྟན་དོན། དྲག་ཤུགས་ཐལ་སྐྱོད་རིང་ལུགས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་སྣང་སྐུལ་བ་དང་། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྔར་ལས་འབད་འཐབ་བྱས་ཏེ། 2019ལོར་གྲོས་འཆམ་བྱུང་བའི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པའི་ཁུལ་ཁོངས་འགུལ་སྐྱོད་ཇུས་གཞི་མྱུར་དུ་ལག་བསྟར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། 

པུའུ་ལུའུ་ཡིས་ཉིན་དེར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པའི་འགོ་གཙོའི་གྲོས་ཚོགས་སྐབས་ང་དགུ་པའི་སྟེང་བཤད་རྒྱུར། 2020ལོའི་ཚུན་དུ། ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་ལ་འཇིགས་སྐུལ་འཇབ་རྒོལ་ཐེངས་བདུན་བརྒྱ་ཙམ་ཐེབས་ནས། དམག་མི་དང་སྤྱི་དམངས་སྟོང་གཉིས་རྐྱེན་ལམ་དུ་ཤོར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་སྔར་ལས་འབད་འཐབ་བྱེད་པ་མ་ཟད་དངུལ་གཏོང་བཀོད་སྒྲིག་བྱས་ནས། 2019ལོའི་ཟླ་དགུ་བར་གྲོས་འཆམ་བྱུང་བའི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པའི་ཁུལ་ཁོངས་འགུལ་སྐྱོད་ཇུས་གཞི་མྱུར་དུ་ལག་བསྟར་བྱེད་འོས་ཟེར། 

པུའུ་ལུའུ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ས་ཁུལ་གྱི་འཇིགས་སྐུལ་འཇབ་རྒོལ་གཙོ་བོར་པོ་ཁི་ན་ཧྥ་སོ་དང་མ་ལི། ནི་ཀྲེར། ནི་ཀྲེ་རི་ཡ་བཅས་རྒྱལ་ཁབ་བཅས་སུ་བྱུང་བ་མ་ཟད། རིམ་པ་བཞིན་མཚོ་རྒྱུད་རྒྱལ་ཁབ་ཏུ་མཆེད་བཞིན་པའི་སྒང་ཡིན་ལ། ཨུ་ཧྥེ་རི་ཁ་ནུབ་མའི་ཁུལ་ཁོངས་ཕལ་བའི་མང་ཚོགས་སྔར་ལས་མང་པོ་གནས་མེད་ཡུལ་གྱར་བར་གྱུར་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།