འཇར་མན་གྱི་འཕྲོད་བསྟེན་པུའུ་ཀྲང་ཡན་སི་ཧྲི་ཕན་གྱིས་འཇར་མན་མི་གྲངས་ཀྱི་ཕྱེད་ཀ་ལ་ཉུང་མཐར་ཡང་འགོག་སྨན་སྐོར་དང་པོ་བརྒྱབ་ཡོད་ཅེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་འཕྲོད་བསྟེན་པུའུ་ཀྲང་ཡན་སི་ཧྲི་ཕན་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་དོན། འཇར་མན་གྱི་མི་གྲངས་ཕྱེད་ཀ་ལ་ཉུང་མཐར་ཡང་འགོག་སྨན་སྐོར་དང་པོ་བརྒྱབ་ཡོད་ནའང་མང་ཚོགས་ཀྱིས་སྔར་བཞིན་རིམས་འགོག་ཐད་ལ་གཟབ་ནན་བྱེད་དགོས་ཟེར།

ཧྲི་ཕན་གྱིས་སྨྱན་བྱད་ཀྱི་གསར་འགོད་པར་བཤད་དོན། འཇར་མན་གྱི་མི་གྲངས་བྱེ་བ་བཞི་དང་ས་ཡ་གཅིག་འབུམ་ལྔ་ཡི་བརྒྱ་ཆའི་ལྔ་བཅུ་ལྷག་ལ་ཉུང་མཐར་ཡང་འགོག་སྨན་སྐོར་དང་པོ་བརྒྱབ་ཅིང་། མི་གྲངས་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་བདུན་གྱི་བརྒྱ་ཆའི་ཉེར་དགུ་ལྷག་ལ་འགོག་སྨན་སྐོར་གཉིས་པ་བརྒྱབ་པ་དང་། གཞི་གྲངས་དེ་དག་གིས་ང་ཚོའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཟེར།

འཇར་མན་སྲིད་གཞུང་རིམས་འགོག་སྒྲིག་གཞིའི་ལོ་པོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འཇར་མན་དུ་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་དོན་དྲུག་འཕར་སྣོན་བྱུང་བ་དང་གཟའ་འཁོར་གཅིག་གི་སྔོན་དང་བསྡུར་ན་ནད་པ་སྟོང་གཉིས་དང་བཞི་བརྒྱ་བཞི་བཅུ་མངོན་གསལ་དུ་ཇེ་ཉུང་ལ་སོང་ཞིང་རྐྱེན་ལམ་དུ་ཤོར་བའི་ནད་པ་གོ་གཅིག་འཕར་སྣོན་བྱུང་། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།