ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་རབ་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཆན་ཁི་མེན་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཀྲུང་གོ་དང་ཨ་རབ་ཀྱི་ཉོ་ཚོང་འགྲོ་འོང་གིས་ཁྱད་སྟོབས་ཁ་གསབ་བྱས་པ་དང་། ཀྲུང་གོ་དེ་ཨ་རབ་རྒྱལ་ཁབ་དག་གི་ཉོ་ཚོང་གྲོགས་པོའི་རྒྱལ་ཁབ་དང་པོར་གྱུར་ཡོད། ཕྱོགས་གཉིས་བར་མཉམ་ལས་སྦས་ཤུགས་ཆེན་པོ་ཡོད་པ་དང་། མ་འོངས་པར་ཀྲུང་གོ་དང་ཨ་རབ་ཀྱིས་གྲངས་ལྡན་དཔལ་འབྱོར་དང་ནུས་ཁུངས་གསར་བ། མི་བཟོས་རིག་ནུས་སོགས་མཉམ་ལས་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་རྒྱུ་ཡིན་ཟེར། 

ཆན་ཁི་མེན་གྱིས་ཚོང་དོན་པུའུ་ཡིས་ཉིན་དེར་བསྡུས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་ལྔ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིས་སྟོང་ཉི་ཤུ་ལོར། ཀྲུང་གོ་དང་ཨ་རབ་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཁྲག་ཁྲིག་གཉིས་ཐེར་ཆེན་གསུམ་ཐེར་འབུམ་དགུ་དུང་ཕྱུར་བརྒྱད་ལ་བསླེབས། དེའི་ནང་ཀྲུང་གོས་ཨ་རབ་རྒྱལ་ཁབ་དག་ཏུ་ཕྱིར་གཏོང་བྱས་པ་མེ་སྒོར་དུང་ཕྱུར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཉིས་ཐེར་འབུམ་གསུམ་དུང་ཕྱུར་གཅིག་ཡིན། རིམས་ནད་ཀྱི་ཤུགས་རྐྱེན་འོག སྔར་བཞིན་དུས་མཉམ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་ཡོད། གློག་འཁོར་དང་མཐོ་གསར་ལག་རྩལ་ཐོན་རྫས་ཀྱིས་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་བཞིར་བསླེབས་ཡོད་ལ། དུས་མཉམ་ལས་སོ་སོར་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཅིག་དང་བརྒྱ་ཆའི་གསུམ་དང་གྲངས་ཆུང་གསུམ་འཕར་ཡོད་པ་དེ་ནི་ལྷག་ཏུ་ཐོབ་དཀའ་བའི་གྲུབ་འབྲས་ཤིག་རེད་ཟེར། 

ཁོས་ད་རུང་བསྟན་དོན། ཀྲུང་གོ་དང་ཨ་རབ་ཀྱི་དངུལ་གཏོང་ཁྱབ་ཁོངས་མོད་པོ་ཡོད། ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་བར། ཀྲུང་གོས་ཨ་རབ་རྒྱལ་ཁབ་དག་ཏུ་ཐད་ཀར་མ་དངུལ་བཏང་ཚད་མེ་སྒོར་ཐེར་ཆེན་གཉིས་དང་དུང་ཕྱུར་གཅིག་ཡིན་པ་དང་། ཨ་རབ་རྒྱལ་ཁབ་དག་གིས་ཀྲུང་གོར་བཏང་བའི་མ་དངུལ་རིམ་བསགས་ཀྱིས་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ལ་བསླེབས་ཡོད། ཕྱོགས་གཉིས་ཀྱི་དངུལ་གཏོང་དེ་རྡོ་སྣུམ་དང་འཛུགས་སྐྲུན། བཟོ་སྐྲུན། དངོས་རྒྱུན། གློག་ཤུགས་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད། ཨེ་ཅིབ་ཀྱི་སུའུ་དབྱེ་ཧྲི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ས་ཁུལ་སོགས་དངུལ་གཏོང་ལས་གཞི་གལ་ཆེན་སྐོར་ཞིག་དུས་རབས་གསར་བའི་ནང་ཀྲུང་གོ་དང་ཨ་རབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་རིམ་འཕར་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་གྱུར་ཡོད་ཟེར། 

ཆན་ཁི་མེན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨ་རབ་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་མདུན་ལྗོངས་རྒྱ་ཆེན་པོ་ཡོད། མ་འོངས་པར་ཕྱོགས་གཉིས་ཀྱིས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཉོ་ཚོང་དང་དངུལ་གཏོང་གི་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་མཉམ་ལས་ཀྱི་རིམ་འཕར་ལེགས་བསྒྱུར་ལ་ཡར་སྐུལ་བྱས་ཏེ། སྲོལ་རྒྱུན་གྱི་མཉམ་ལས་སྲ་བརྟན་དུ་བཏང་བའི་རྨང་གཞིའི་སྟེང་། ཕྱོགས་གཉིས་ཀྱི་གྲངས་ལྡན་དཔལ་འབྱོར་དང་ནུས་ཁུངས་གསར་བ། མིས་བཟོས་རིག་ནུས་སོགས་གསར་དར་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་དང་ཨ་རབ་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་སྔོན་མ་བཞིའི་སྟེང་། བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཅུ་གཉིས་ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་སྟོང་ལྔ་ལྷག་འགྲེམ་སྟོན་ལ་ཞུགས་པ་དང་། རིམ་བསགས་ཀྱིས་རིགས་སྣ་ཚོགས་ཀྱི་མཉམ་ལས་ལས་གཞི་དགུ་བརྒྱ་དང་སོ་དྲུག་བཀོད་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།