ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་སྐབས་བཅུ་གསུམ་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

པར་འདིན་ནི་ཟླ6པའི་ཚེས18ཉིན། མི་རྣམས་ཀྱིས་དབྱི་ལིང་གི་ཏི་ཧེ་ལན་གྱི་འདེམ་ཤོག་འཕེན་ས་ཞིག་ཏུ་གྲལ་བསྒྲིགས་ཏེ་འདེམ་ཤོག་འཕེན་པར་སྒུག་བཞིན་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་སྐབས་བཅུ་གསུམ་པའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་སྟེང་དངོས་སུ་མགོ་བརྩམས། བསྡོམས་པས་འདེམ་སྒུག་མི་སྣ་བཞི་ཡིས་ཙུང་ཐུང་ལ་འགྲན་རྩོད་བྱས། 

དབྱི་ལིང་གི་སྤྱིའི་མི་གྲངས་བྱེ་བ་བརྒྱད་ལྷག་ཡིན་པ་དང་། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་འདེམ་ཤོག་འཕེན་པའི་ཐོབ་ཐང་ཡོད་པའི་འདེམ་དམངས་བྱེ་བ་ལྔ་དང་ས་ཡ་དགུ་ལྷག་ཞུགས་ཡོད་ལ། རྒྱལ་ཡོངས་སུ་འདེམ་ཤོག་འཕེན་ས་ཁྲི་བདུན་དང་སྟོང་གཉིས་བཀོད་སྒྲིག་བྱས་ཡོད། ཚོད་དཔག་བྱས་ན་འདེམ་ཤོག་འཕེན་པའི་མཇུག་འབྲས་དེ་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད། 

ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པའི་འདེམ་སྒུག་པ་བཞི་ནི་དབྱི་ལིང་ཁྲིམས་འཛིན་གྱི་སྤྱི་ཁྱབ་ལྟ་སྐུལ་བ་ལའེ་ཞེ་དང་། དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གི་སྔོན་ཆད་ཀྱི་ཇུས་འདོན་དཔོན་པོ་ལོས་ཀྲ་དབྱེ། གྲོས་ཁང་གི་གྲོས་དཔོན་གཞོན་པ་དང་པོ་ཧཱ་ཞེ་མུས། དེ་མིན་ཀྲུང་དབྱང་དངུལ་ཁང་གི་སྔོན་ཆད་ཀྱི་མགོ་བ་ཧི་མཱ་ཐིས་བཅས་རེད། 

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་དང་ཙུང་ཐུང་ལུའུ་ཧཱ་ནེ་སོགས་འདེམ་ཤོག་འཕེན་སར་སོང་ནས་འདེམ་ཤོག་འཕངས་པར་མ་ཟད། མང་ཚོགས་དག་ཧུར་ཐག་སྒོས་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་དགོས་པའི་སྐུལ་མ་བཏང་། ཧཱ་མེ་ནེ་དབྱེ་ཡིས་འདེམ་ཤོག་འཕེན་སྐབས་བཤད་རྒྱུར། མང་ཚོགས་དག་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པ་ནི་བློ་གྲོས་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། འདེམ་བསྐོའི་མཇུག་འབྲས་ཀྱིས་མང་ཚོགས་ལ་ཁེ་ཕན་ཐོབ་ཏུ་འཇུག་སྲིད་པ་དང་། རྒྱལ་ཁབ་ཀྱི་མ་འོངས་པའི་ཁ་ཕྱོགས་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་རེད་ཟེར། 

འདེམ་བསྐོའི་བྱ་འགུལ་མ་སྤེལ་གོང་གི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་མངོན་པ་ལྟར་ན། ལའེ་ཞེ་ནི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཚད་ཆེས་མཐོ་བའི་འདེམ་སྒུག་པ་ཞིག་རེད། ལའེ་ཞེ་ཡིད་འདེམ་བསྐོའི་བྱ་འགུལ་མ་སྤེལ་གོང་གི་བརྙན་འཕྲིན་དཔྱད་གླེང་ཞིག་ལས་ནན་གྱིས་བསྟན་དོན། གལ་ཏེ་ཙུང་ཐུང་དུ་བདམས་ན། རུལ་སུངས་ལ་ཆམ་ཕབ་གཏོང་བ་དེ་སྲིད་འཛིན་གྱི་ལས་འགན་གཙོ་བོར་བྱེད་རྒྱུ་ཡིན་ཟེར། 

དབྱི་ལིང་གི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ལོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། ཙུང་ཐུང་ནི་འདེམ་དམངས་ཀྱིས་ཐད་ཀར་དུ་འདེམ་ཤོག་འཕངས་ཏེ་བདམས་ཐོན་བྱེད་པ་ཡིན་ལ། བསྟུད་འགན་ཐེངས་གཅིག་ཁུར་ཆོག །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།