འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཏུང་ཅིང་ཏུའུ་སོགས་ས་གནས་དགུའི་བྲེལ་མྱུར་དོགས་ཟོན་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཏུང་ཅིང་ཏུའུ་དང་ཏཱ་པན་ཧྥུའུ་སོགས་ས་གནས་དགུ་ནས་ཟླ་འདིའི་ཚེས་ཉེར་གཅིག་ཉིན་གྱི་ནམ་གུང་ནས་བཟུང་བྲེལ་མྱུར་དོགས་ཟོན་མེད་པར་གཏོང་རྒྱུ་ཡིན་པ་དང་། ཁྲུང་ཧྲིན་རྫོང་ཁོ་ནའི་བྲེལ་མྱུར་དོགས་ཟོན་དེ་ཟླ་བདུན་པའི་ཚེས་བཅུ་གཅིག་པར་རྒྱུན་བསྲིང་རྒྱུ་ཡིན་ཡང་། ས་ཁུལ་མང་ཆེ་བར་བྲེལ་མྱུར་དོགས་ཟོན་མེད་པར་བཏང་རྗེས་དོ་དམ་ཚོད་འཛིན་ཤུགས་ཚད་ཅུང་ཆུང་བའི་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོ་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

མིག་སྔར་འཇར་པན་གྱི་ཏུང་ཅིང་ཏུའུ་དང་། ཏཱ་པན་ཧྥུའུ། པེ་ཧེ་ཏའོ། ཧྥུའུ་ཀང་རྫོང་། ཁྲུང་ཧྲིན་རྫོང་སོགས་ས་ཁུལ་བཅུ་བྲེལ་མྱུར་དོགས་ཟོན་རྣམ་པར་གནས་ཡོད། ཟླ་ལྔ་བའི་ཟླ་དཀྱིལ་གྱི་ཚུན་ལ་ས་ཁུལ་མང་བོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཇེ་དམའ་རུ་སོང་བ་དང་། སྨན་བཅོས་ཐོན་ཁུངས་ཛ་དྲག་གི་སྣང་ཚུལ་ཞི་འཇགས་སུ་སོང་བར་དམིགས་ཏེ། ཅན་དབྱེ་ཝེ་ཡིས་ཚེས་བཅུ་བདུན་ཉིན་པྲོག་གསར་གློ་ཚད་རིམས་ནད་ཐབས་ཇུས་སྤྱི་ཁྱབ་པུའུ་ཡི་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་དོན། སྨན་བཅོས་ཐོན་ཁུངས་ཅུང་ཛ་དྲག་ཡིན་པའི་ཁྲུང་ཧྲིན་རྫོང་གི་བྲེལ་མྱུར་དོགས་ཟོན་རྣམ་པ་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། ས་ཁུལ་གཞན་པ་དགུའི་བྲེལ་མྱུར་དོགས་ཟོན་རྣམ་པ་དེ་མེད་པར་གཏོང་གཏོང་རྒྱུ་ཡིན་ཟེར། 

ཏུང་ཅིང་ཏུའུ་དང་ཏཱ་པན་ཧྥུའུ། ཅིང་ཏུའུ་ཧྥུའུ། པེ་ཧེ་ཏའོ། ཨེ་ཀྲི་རྫོང་། པེན་ཁུའུ་རྫོང་། ཧྥུའུ་ཀང་རྫོང་བཅས་ས་ཁུལ་བདུན་གྱི་བྲེལ་མྱུར་དོགས་ཟོན་མེད་པར་བཏང་རྗེས། རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོ་དེ་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་བར་ལག་བསྟར་བྱེད་རྒྱུ་རེད། ཀང་ཧྲན་རྫོང་དང་ཀོང་ཏའོ་རྫོང་གཉིས་སུ་སྐབས་ཐོག་དེར་ཐད་ཀར་དུ་དོགས་ཟོན་རྣམ་པ་མེད་པར་གཏོང་རྒྱུ་རེད། 

ཐེངས་འདིའི་བྲེལ་མྱུར་དོགས་ཟོན་རྣམ་པ་དེ་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ནས་མགོ་བརྩམས་པ་དང་། ཏུང་ཅིང་ཏུའུ་དང་ཏཱ་པན་ཧྥུའུ་སོགས་ས་ཁུལ་གཞན་ནས་རིམ་བཞིན་ས་ཁུལ་བཅུར་རྒྱ་བསྐྱེད་པ་རེད། 

ཅན་དབྱེ་ཝེ་ཡིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཐབས་ཇུས་སྤྱི་ཁྱབ་པུའུ་ཡི་གྲོས་ཚོགས་སྟེང་ད་རུང་བསྟན་དོན། གལ་ཏེ་བྲེལ་མྱུར་དོགས་ཟོན་རྣམ་པ་མེད་པར་བཏང་རྗེས་རིམས་ནད་ཡང་བསྐྱར་བྱུང་ན། ཡང་བསྐྱར་དུ་སྨན་བཅོས་ཐོན་ཁུངས་ཛ་དྲག་གི་གནས་ཚུལ་འབྱུང་སྲིད་པས། བབ་བསྟུན་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།