ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ནམ་ཟླའི་མ་དངུལ་ཐད་ཀྱི་དམ་བཅའ་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་ཡང་བསྐྱར་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ཁྱད་པར་དུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ལོ་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མེ་སྒོར་ཁྲག་ཁྲིག་གཅིག་གི་ནམ་ཟླའི་མ་དངུལ་འདོན་སྤྲོད་བྱེད་པའི་ཁས་ལེན་དམ་བཅའ་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཁས་ལེན་དམ་བཅའ་ལག་བསྟར་བྱེད་པ་དེ་ཕྱོགས་སོ་སོའི་བར་ཡིད་ཆེས་ཆགས་སུ་འཇུག་པ་དང་ཕཱ་རེ་སིའི་གྲོས་ཆོད་ཀྱི་ནམ་ཟླའི་འགུལ་སྐྱོད་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་ནན་གྱིས་བསྟན། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་ཀུའུ་ཐི་ལོས་སིའི་བསམ་འཆར་ལ་ཡིད་འཐད་ཡིན་པའི་ཚུལ་བསྟན་པ་དང་། དར་རྒྱས་སུ་འགྲོ་བའི་རྒྱལ་ཁབ་དང་ཁྱད་པར་དུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ད་ལྟའི་བར་མེ་སྒོར་ཁྲག་ཁྲིག་གཅིག་གི་ཁས་ལེན་དམ་བཅའ་ལག་བསྟར་མ་བྱས་པས། ནམ་ཟླའི་འགུལ་སྐྱོད་དམིགས་འབེན་མངོན་འགྱུར་བྱེད་པར་བཀག་རྒྱ་ཆེན་པོ་བཟོས་ཡོད་པར་བསྟན། དེ་ནི་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་དྲུག་པ་ནས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གཟབ་ནན་ཅིག་ཡིན། དེ་ལྟ་མིན་ཚེ་ཡོད་ཚད་སྟོང་གཏམ་དུ་འགྱུར་སྲིད་ཟེར། 

ཉིས་སྟོང་དགུ་ལོའི་ཀི་པིན་ཧཱ་ཀིན་ནམ་ཟླའི་ཚོགས་ཆེན་སྟེང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་ལོ་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་མཐའ་ཡང་མེ་སྒོར་ཁྲག་ཁྲིག་གཅིག་འདོན་སྤྲོད་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ལོ་བཅུ་ལྷག་འདས་བའི་རིང་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་སྔར་བཞིན་དམ་བཅའ་དེ་ལག་བསྟར་བྱེད་མ་ཐུབ་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་འདོན་སྤྲོད་བྱས་པའི་མ་དངུལ་དེ་མེ་སྒོར་ཁྲག་ཁྲིག་གཅིག་ལ་བར་ཐག་ཧ་ཅང་རིང་། བྱ་སྤྱོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་འཕང་སེམས་ཆེན་པོ་སྐྱེས་ཡོད་ལ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པའི་མཉམ་ལས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཕྱོགས་སོ་སོས་གཅིག་གྱུར་སྒོས་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ལྷག་བསམ་རྣམ་དག་གི་འགུལ་སྐྱོད་སྤེལ་ནས། ཟོལ་མེད་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་འགྲོ་བ་དང་། ཕཱ་རེ་སིའི་གྲོས་ཆོད་དེ་སྟོང་གཏམ་དུ་འགྱུར་བར་སྔོན་འགོག་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།