ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ནས་སྔར་བཞིན་གནད་དོན་མང་བོར་ཐག་གཅོད་བྱེད་མ་ཐུབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲང་ཏི་ཡིས་ཚེས་བཅུ་བཞི་ཉིན་བསྟན་དོན། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་སོ་སོའི་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཀྱང་། གནད་དོན་རེ་འགར་སྔར་བཞིན་ཐག་གཅོད་བྱེད་མ་ཐུབ་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ལག་རྩལ་དང་བཅའ་ཁྲིམས། སྲིད་འཛིན་བཅས་ཐད་ཀྱི་གནད་དོན་ཕྲ་མོ་རེ་འགའ་དང་། དེ་མིན་གནད་དོན་གཙོ་བོ་རེ་འགའ་གྲོས་མོལ་བྱེད་སྐབས་ཐག་གཅོད་བྱེད་དགོས་ལ། གྲོས་མོལ་དེ་ཛ་དྲག་གི་གནས་སུ་ལྷུང་མེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ད་རུང་ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་དེ་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡི་དུས་སྐབས་ཀྱི་ཤུལ་ལམ་དུ་ཞུགས་པར་སྐུལ་མ་བཏང་། 

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཉིན་དེར་རྒྱལ་སྲུང་པུའུ་ཡི་ལས་གཞི་ཞིག་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་སོགས་གྲོས་མཐུན་ལ་འབྲེལ་བ་ཡོད་པའི་ཕྱོགས་ཁག་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་གི་དམ་བཅའ་ལག་བསྟར་བྱས་ན། དབྱི་ལིང་གིས་དཔྱད་ཞིབ་བྱས་རྗེས་མྱུར་དུ་དེ་དང་བསྟུན་ངེས་ཡིན། དེ་ནི་དབྱི་ལིང་གིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་ལ་བཏང་བའི་བརྡ་གསལ་བོ་ཞིག་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།