ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་ལ་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔའི་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཅིག་ཉིན་ཝུའུ་ཁི་ལན་ལ་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔའི་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱིས་རང་གི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་དང་བྱང་ཆིངས་རྩ་འཛུགས་བར་གྱི་རོགས་ལས་ནུས་པ་འཐུས་ཚང་དུ་གཏོང་བར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར། 

ཟུར་ལྔའི་ཐོག་ཁང་ཆེན་མོའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་རོགས་སྐྱོར་འཆར་གཞིའི་དམིགས་ཡུལ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཉེན་བརྡ་གཏོང་བ་དང་བཀོད་འདོམ་ནུས་པ་མཐོར་འདེགས་བྱས་ནས། འཐབ་འཛིང་དཔུང་འཇུག་ནུས་པར་ཤུགས་སྣོན་བྱེད་པའི་ཆེད་དུ་རེད་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་མེ་སྒྱོགས་ལ་རྒོལ་བའི་ལོས་ཏཱ་དང་མི་བསྡད་མེད་པའི་གནམ་གྲུར་རྒོལ་བའི་མ་ལག དམག་དོན་འཕྲིན་གཏོང་སྒྲིག་ཆས། གློག་རྡུལ་འཐབ་འཁྲུག དམག་དོན་སྨན་བཅོས་ཀྱི་སྒྲིག་ཆས་སོགས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། ཨ་མེ་རི་ཁས་མུ་མཐུད་དུ་ཝུའུ་ཁི་ལན་བར་གྱི་བདེ་འཇགས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་གསོད་རྨས་རང་བཞིན་གྱི་འགོག་སྲུང་མཚོན་ཆ་འདོན་སྤྲོད་བྱེད་པའི་ཞོར་དུ། ཝུའུ་ཁི་ལན་གྱིས་མུ་མཐུད་དུ་རྒྱལ་སྲུང་བཅོས་བསྒྱུར་ལག་བསྟར་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར། 

ཁི་ལི་མུས་ཡཱ་ཡིས་ཉིས་སྟོང་བཅུ་བཞི་ལོར་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་ཐབས་ཀྱིས་ཝུའུ་ཁི་ལན་དང་ཁ་བྲལ་ནས་ཨུ་རུ་སིའི་རྒྱལ་ཁོངས་སུ་ཞུགས་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སིའི་འཁྲུག་རྩོད་དུས་ཡུན་རིང་བོར་ཐག་གཅོད་བྱེད་མི་ཐུབ་པ་སོགས་གནད་དོན་རབ་དང་རིམ་པའི་དབང་གིས། ཨུ་རུ་སི་དང་ཝུའུ་ཁི་ལན། དེ་མིན་ནུབ་ཕྱོགས་རྒྱལ་ཁབ་རེ་འགའི་འབྲེལ་བ་ཉེ་བའི་ལོ་འགའི་རིང་ལ་བསྟུད་མར་ཛ་དྲག་ཏུ་གྱུར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ད་ལོའི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་རི་ནེ་ཝ་ནས་གྲོས་མོལ་བྱེད་རྒྱུའི་ཐག་བཅད་ཡོད། ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕུའུ་སཱ་ཅི་ཡིས་དེའི་སྔོན་བསྟན་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།