ཀྲུང་གོ་བོད་ཀྱི་དྲ་བ།

ཨར་པཱ་ནི་ཡཱ་སོགས་རྒྱལ་ཁབ་ལྔ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཏུ་བདམས་ཐོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་བཅུ་གཅིག་ཉིན་ཨར་པཱ་ནི་ཡཱ་དང་པཱ་ཞི། ཀ་ཕིན། ཀ་ནཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཏུ་བདམས་ཐོན་བྱུང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་མིང་མ་བཀོད་པར་འདེམ་ཤོག་འཕེན་པའི་ཐབས་ཀྱིས་བདམས་ཐོན་བྱུང་བ་ཡིན་ལ། འདེམ་སྒུག་རྒྱལ་ཁབ་དག་ལ་ཉུང་མཐར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འདེམ་ཤོག་སྤྱི་གྲངས་ཀྱི་སུམ་ཆའི་གཉིས་ཐོབ་ན་ད་གཟོད་བདམས་ཐུབ་པ་རེད། ཐེངས་འདིར་འདེམ་བསྐོ་ལ་ཞུགས་པའི་རྒྱལ་ཁབ་ལྔ་བོར་འགྲན་ཡ་མེད་པ་དང་། ཀ་ནཱ་ལ་འདེམ་ཤོག་བརྒྱ་དང་གྱ་ལྔ་ཐོབ་པ་དང་། ཀ་ཕིན་ལ་འདེམ་ཤོག་བརྒྱ་དང་གྱ་གསུམ་ཐོབ། པཱ་ཞི་ལ་འདེམ་ཤོག་བརྒྱ་དང་གྱ་གཅིག་ཐོབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འདེམ་ཤོག་བརྒྱ་དང་དོན་དགུ་ཐོབ། ཨར་པཱ་ནི་ཡཱ་ལ་འདེམ་ཤོག་བརྒྱ་དང་དོན་ལྔ་ཐོབ་ནས། ཚང་མ་བདེ་བླག་ངང་བདམས་ཐོན་བྱུང་བ་རེད། 

གསར་དུ་བདམས་པའི་བདེ་འཇགས་ལས་འཛིན་ལྷན་ཚགོས་ཀྱི་རྒྱུན་ལས་མ་མིན་པའི་ལས་འཛིན་རྒྱལ་ཁབ་ལྔའི་ཁྲོད། ཨར་པཱ་ནི་ཡཱ་ནི་ཐོག་དང་པོར་བདམས་ཐོན་བྱུང་བ་ཡིན་པ་དང་། པཱ་ཞི་ནི་ཐེངས་བཅུ་གཅིག་པར་བདམས་ཐོན་བྱང་བ་རེད། རྒྱལ་ཁབ་དེ་ལྔ་བོས་ཨེ་སོ་ནི་ཡཱ་དང་ཧྲིན་ཝུན་སིན་ཐི། ཀི་ལིན་ནཱ་ཏེན་སི། ནེ་པཱ་ལཱ། ཐུ་ནི་ཞི་ཡཱ། ཡའོ་ནན་བཅས་ཀྱི་ཚབ་བྱེད་རྒྱུ་ཡིན་ལ། འགན་ཡུན་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཡིན་པ་དང་། ཡུན་ཚད་ལོ་ངོ་གཉིས་རེད། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་པ་དང་། དེའི་ནང་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། དེའི་འཕྲོའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ནི་རྒྱུན་ལས་མ་མིན་པའི་ལས་འཛིན་རྒྱལ་ཁབ་ཡིན་པ་རེད། རྒྱུན་ལས་མ་མིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཡུན་ལོ་ངོ་གཉིས་ཡིན་པ་དང་འདེམ་བསྐོ་བརྒྱུད་དེ་ལོ་རེར་ལྔ་རེ་བརྗེ་སྤོར་བྱེད་པ་ཡིན་ལ། བསྟུད་འགན་ཁུར་མི་རུང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ཁུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཞིག་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།