རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ངོ་རྒོལ་གྱི་སྐད་སྒྲའི་ཁྲོད་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གཅིག་ཉིན་དབྱིན་ཇིའི་ལྷོ་ནུབ་ཕྱོགས་ཀྱི་ཁང་བོ་ཨར་རྫོང་གི་ཁཱ་པུས་སི་པེ་ནས་ཚོགས་མགོ་བརྩམས། ཚོགས་རེའི་ཉེ་འཁོར་ས་ཁུལ་དུ་ཉིན་དེར་ངོ་རྒོལ་བྱ་འགུལ་མང་དུ་སྤེལ་བཞིན་ཡོད། 

དེ་ནི་ཉེ་བའི་ལོ་གཉིས་ཀྱི་རིང་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཐོག་དང་པོར་ངོ་འཕྲད་གྲོས་ཚོགས་བསྡུས་པ་རེད། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཉིན་དེའི་ཕྱི་དྲོར་སྒོར་ཅོག་གྲོས་ཚོགས་བསྡུས་ཏེ། གཙོ་བོ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་རིམས་ནད་རྗེས་སུ་སླར་གསོ་འབྱུང་བར་གྲོས་བསྡུར་བྱས། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། འཛམ་གླིང་ཧྲིལ་བོ་པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བའི་གནས་བབ་འོག་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་སྔར་ལས་དག་གཙང་དང་ལྷད་མེད་ཀྱི་འཛམ་གླིང་ཞིག་བཙུགས་ཏེ་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་ལ། ཞོར་དུ་ཉིས་སྟོང་བརྒྱད་ལོའི་དངུལ་ལོར་ཉམས་ཉེན་རྗེས་སུ་བྱུང་བའི་སྤྱི་ཚོགས་ཁྱབ་ཁོངས་སོ་སོའི་སླར་གསོ་དོ་མཉམ་མིན་པའི་ནོར་འཆུག་སྔོན་འགོག་བྱེད་དགོས་ཟེར། 

རྩ་འཛུགས་མང་བོས་ཉིན་དེར་ཁང་བོ་ཨར་རྫོང་གི་ས་ཁུལ་མང་བོར་ངོ་རྒོལ་བྱ་འགུལ་སྤེལ། ངོ་རྒོལ་མཁན་གྱིས་དམ་བཅའ་སྟོང་བ་ཁས་ལེན་བྱེད་མཚམས་འཇོག་དགོས་པ་དང་རྒྱལ་ཁབ་བདུན་གྱི་ཚོགས་སྡེ་ཚོགས་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་འཕྲེད་བྱང་བཟུང་སྟེ། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ། འགོག་སྨན་བགོ་བཤའ། སྤྱི་ཚོགས་འདྲ་མཉམ་སོགས་ཁྱབ་ཁོངས་ཀྱི་ཁས་ལེན་མང་ཡང་འགུལ་སྐྱོད་ཉུང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་མ་བྱས་པར་ངོ་རྒོལ་བྱས། 

སུའུ་ཀི་ལན་ནས་ཡོང་བའི་ཕུའུ་ལིན་ཀི་ཨར་གྱིས་བྱིས་པ་གཉིས་ཁྲིད་དེ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་སྨྱན་བྱད་ལྟེ་གནས་ཡོད་སའི་ཧྥ་ཨར་མའོ་སི་ནས་ངོ་རྒོལ་བྱ་འགུལ་ལ་ཞུགས། ཁོ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་སོགས་ཁྱབ་ཁོངས་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཁུར་དུ་ལེན་དགོས་པའི་འགན་ཁུར་དང་ལེན་བྱས་མེད་པ་དང་། དམ་བཅའ་ལག་བསྟར་གཏན་ནས་བྱས་མེད་ཟེར། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཡུན་ཉིན་གསུམ་ཡིན་པའི་མཐོ་རིམ་གྲོས་ཚོགས་སྐབས་སུ། ཚོགས་རེའི་ཉེ་འཁོར་དང་དབྱིན་ཇིའི་རྒྱལ་ས་ལོན་ཏོན་སོགས་སུ་ཉིན་རེ་བཞིན་ངོ་རྒོལ་བྱ་འགུལ་སྤེལ་རྒྱུ་རེད། བསྒྲགས་པ་ལྟར་ན་དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་ཚོགས་རའི་ཉེ་འཁོར་དུ་ཉེན་རྟོག་པ་སྟོང་དྲུག་ཙམ་བཀོད་སྒྲིག་བྱས་ཡོད་པ་རེད། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དེ་དབྱིན་ཇི་དང་ཨ་མེ་རི་ཁ། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་ཀྱིས་གྲུབ་ཡོད། དབྱིན་ཇི་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་རེད། རྒྱལ་ཁབ་བདུན་གྱི་མགོ་ཁྲིད་པ་ལས་གཞན། ཨོ་སི་ཁྲུ་ལི་ཡཱ་དང་ཧན་གོ། རྒྱ་གར། ཨ་ཧྥེ་རི་ཁ་ལྷོ་མ་བཅས་ཀྱི་མགོ་ཁྲིད་པ་གདན་ཞུས་ལྟར་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་ཡང་གྲོས་ཚོགས་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།