ཀྲུང་གོ་བོད་ཀྱི་དྲ་བ།

མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་སྙན་ཞུ་ལས་ཡོ་རོབ་གླིང་གིས་ཨ་མེ་རི་ཁའི་འཐབ་ཇུས་རྒྱབ་རྟེན་ལ་སྙོམས་སྒྲིག་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་གཙོ་སྒྲུབ་ཕྱོགས་ཀྱིས་ཚེས་དགུ་ཉིན་སྤེལ་བའི་ལོ་ཧྲིལ་བོའི་བདེ་འཇགས་སྙན་ཞུའི་ནང་བསྟན་དོན། ཨ་མེ་རི་ཁའི་འཐབ་ཇུས་གཙོ་གནད་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་སྤོ་བཞིན་ཡོད་པ་དང་། ཡོ་རོབ་གླིང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་འཐབ་ཇུས་རྒྱབ་རྟེན་དང་བདེ་འཇགས་རྒྱབ་རྟེན་ལ་སྙོམས་སྒྲིག་བྱེད་དགོས་ཟེར། 

ཁ་བྱང་ལ་འབྲེལ་བའི་རྣམ་པ་སྟེ་འགྲན་རྩོད་དང་མཉམ་ལས་ཞེས་པའི་སྙན་ཞུའི་ནང་བཤད་རྒྱུར། པེད་ཏིན་སྲིད་གཞུང་གིས་ལས་འགན་ཁུར་བའི་རྗེས་སུ་ཨ་མེ་རི་ཁའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བར་མཐོང་ཆེན་བྱེད་པ་བསྐྱར་སྒྲོག་བྱས་ཀྱང་། ཨ་མེ་རི་ཁའི་འཐབ་ཇུས་གཙོ་གནད་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་སྤོ་བཞིན་ཡོད། ཨ་མེ་རི་ཁ་ཡོ་རོབ་གླིང་ནས་རིམ་བཞིན་ཕྱིར་འབུད་བཞིན་ཡོད་པ་དང་། ཡོ་རོབ་གླིང་གི་སྟོབས་ཤུགས་ནས་རམ་འདེགས་ཙམ་དུ་འགྱུར་ཡོད་བཞིན་པས། ནུབ་ཀྱི་རྒྱ་མཚོ་བརྒལ་བའི་འབྲེལ་བར་ཡང་བསྐྱར་མཉམ་འདྲེས་ཀྱི་གནད་འཚོལ་ཞིབ་བྱེད་དགོས་ཟེར། 

སྙན་ཞུ་ལས་བལྟས་ན། ཡོ་རོབ་གླིང་གིས་མ་འོངས་པར་རང་སྟེང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་འཛུགས་པར་དུས་ཚོད་དགོས་པ་དང་། ངེས་པར་དུ་ཨ་ཧྥེ་རི་ཁ་བྱང་མ་དང་དབུས་ཤར། ཡོ་རོབ་གླིང་ཤར་མ་སོགས་རང་ཕྱོགས་ཉེ་འཁོར་གྱི་བདེ་འཇགས་གྲོས་གཞིར་ཐག་གཅོད་གང་ལེགས་བྱེད་དགོས་པར་འདོད། 

སྙན་ཞུ་ལས་ད་རུང་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། དམག་ཆས་ཚོད་འཛིན་སོགས་གྲོས་གཞིའི་ཐད་ནས་ཕྱོགས་མང་མཉམ་ལས་བྱེད་དགོས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨུ་རུ་སི་སོགས་རྒྱལ་ཁབ་ཀྱིས་འགྲན་རྩོད་ཁྲོད་ནས་མཉམ་ལས་བསྐྱུར་མི་རུང་བ་དང་། མཉམ་ལས་ཁྲོད་ནས་འགྲན་རྩོད་ཀྱང་བསྐྱུར་མི་རུང་ཟེར། 

མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་དབྱེ་ཧྲིན་ཀི་ཨར་གྱིས་སྙན་ཞུའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་གནས་བབ་གསར་བར་འཕྲད་ཡོད་པ་དང་། ཨ་མེ་རི་ཁས་འདོན་སྤྲོད་བྱས་པའི་བདེ་འཇགས་སྲུང་སྐྱོབ་ལ་བརྟེན་པའི་དུས་རབས་མཇུག་སྒྲིལ་ཡོད་ལ། ཡོ་རོབ་གླིང་གིས་ཡང་བསྐྱར་རང་སྟེང་གི་འཐབ་ཇུས་གོ་གནས་ལ་བསམ་བློ་གཏོང་དགོས་ཟེར། 

མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ལ་འགོག་སྲུང་ཁྱབ་ཁོངས་ཀྱི་ཏཱ་བོ་སི་ཞེས་པའི་མཚན་སྙན་ཐོབ་ཡོད། ད་ལོའི་ཟླ་གཉིས་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱིས་དྲ་ཐོག་ནས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། གཙོ་སྒྲུབ་ཕྱོགས་ཁག་གིས་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ཏེ་ད་ལོའི་ལོ་སྨད་དུ་གྲོས་ཚོགས་སྤེལ་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།