ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ཧྥེ་ལེ་པེན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་དྲུག་འགོར་བར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ཚེས་དགུ་ཉིན་ཧྥེ་ལེ་པེན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་དྲུག་འགོར་བ་དང་ཧྥེ་ལེ་པེན་དང་ཀྲུང་གོའི་མཛའ་མཐུན་ཉིན་མོ་ཉི་ཤུ་བར་དྲ་ཐོག་ནས་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཧྥེ་ལེ་པེན་དང་ཀྲུང་གོའི་མཉམ་ལས་གཉིས་རྒྱལ་ལས་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་དང་གོང་འཕེལ། དར་རྒྱས་ཀྱི་གྲོགས་པོའི་འབྲེལ་བ་དེ་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབས་སུ་འཇུག་ཐུབ་ཟེར། 

ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། ཧྥེ་ལེ་པེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཡུན་རིང་བའི་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་། ཧྥེ་ལེ་པེན་དུ་ཡོད་པའི་ཀྲུང་གོ་བའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས། མི་གཞུང་བཅས་ཀྱི་བརྗེ་རེས་ལ་ཡར་སྐུལ་བྱེད་པའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། 

ཧྥེ་ལེ་པེན་གྱི་ཆབ་སྲིད་མགོ་ཁྲིད་པ་དང་། ཧྥེ་ལེ་པེན་དུ་ཡོད་པའི་ཀྲུང་གོ་བའི་སྤྱི་ཚོགས་ཚོགས་པའི་མགོ་ཁྲིད་པ། ལས་རིགས་སོ་སོའི་གྲོགས་པོ། ཧྥེ་ལེ་པེན་དུ་ཡོད་པའི་ཀྲུང་གོ་བ་བཅས་མི་བཞི་བརྒྱ་ལྷག་ཉིན་དེའི་དྲ་ཐོག་གི་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས། 

ཧྥེ་ལེ་པེན་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཨ་ལོ་ཡའོ་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོས་ནམ་རྒྱུན་ཕྱོགས་གཉིས་དང་ཕྱོགས་མང་བོའི་ཐབས་ལམ་ལ་བརྟེན་ནས་ཧྥེ་ལེ་པེན་བར་མཉམ་ལས་བྱེད་བཞིན་ཡོད། ཁོ་མོས་བལྟས་ན་ཧྥེ་ལེ་པེན་དང་ཀྲུང་གོའི་དམངས་ཁྲོད་མཛའ་མཐུན་གྱིས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་འབྲེལ་བར་ཡར་སྐུལ་བྱེད་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཕན་ཐོགས་འབྱུང་སྲིད་པར་འདོད། 

ཧྥེ་ལེ་པེན་དུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཁང་གི་གཞུང་ཚབ་པ་ཚབ་མ་ཐན་ཆིན་ཧྲིན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཧྥེ་ལེ་པེན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་དྲུག་ལས་འགོར་མེད་ཀྱང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་འབྲེལ་བར་ལོ་ངོ་སྟོང་ཕྲག་ལྷག་འགོར་ཡོད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དངམས་ཀྱི་ཐུན་མོང་ཟབ་ཞུགས་དང་རྒྱབ་སྐྱོར་འོག ཀྲུང་གོ་དང་ཧྥེ་ལེ་པེན་གྱིས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་མཉམ་ལས་ཀྱི་དབྱངས་རྟ་གཙོ་བོ་རྒྱུན་འཁྱོངས་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།