ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་མུ་མཐུད་དུ་ཁུར་བའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐལ་མོ་རྡེབ་པའི་ཐབས་ཀྱིས་གྲོས་ཆོད་བཀོད། 

ཟླ་དྲུག་པའི་ཚེས་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨེ་སོ་ནི་ཡཱའི་འཐུས་མི་ཡུས་ཨར་ཀིན་སུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསལ་སྒྲོག་སྒྲོག་འདོན་བྱས། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས་བརྒྱད་ཉིན་ཐལ་མོ་རྡེབ་པའི་ཐབས་ཀྱིས་གྲོས་ཆོད་ཅིག་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་མུ་མཐུད་དུ་ཁུར་བའི་སྐུལ་མ་གཏོང་རྒྱུ་ཐག་བཅད་པ་དང་། འགན་ཡུན་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཉིས་སྟོང་ཉེར་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་རེད། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གོང་གི་གྲོས་ཆོད་དེ་བཀོད་རྗེས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཀུའུ་ཐི་ལོས་སི་ཡིས་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བར་རྒྱབ་སྐྱོར་བྱེད་ཅིང་། ཀུའུ་ཐི་ལོས་སི་ཡིས་ལས་འགན་ཁུར་བའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། 

ཀྲང་ཅོན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཀུའུ་ཐི་ལོས་སིའི་བྱ་བར་རྒྱབ་སྐྱོར་བྱས་ནས། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་སྒྲིག་སྲོལ་མཉམ་དུ་སྲུང་སྐྱོབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པར་ཤུགས་སྣོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་འབྲེལ་ཡོད་གཏན་འཁེལ་ལྟར་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཉེ་སྔོན་གྲོས་ཆོད་ཅིག་བཀོད་དེ། ཀུའུ་ཐི་ལོས་སི་ཡིས་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བར་དངོས་སུ་ཆོག་མཆན་བཀོད་ཡོད། 

ཀུའུ་ཐི་ལོས་སི་ནི་གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོའི་ཟླ་བཞི་བར་ཕུའུ་ཐའོ་ཡཱའི་རྒྱལ་ས་ལི་སི་པིན་ནས་སྐྱེས་པ་དང་། སྔོན་ཆད་སྔ་གཞུག་ཏུ་ཕུའུ་ཐའོ་ཡཱའི་ཙུང་ལི་དང་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་འགན་ཁུར་མྱོང་། ཉིས་སྟོང་བཅུ་དྲུག་ལོར། ཀུའུ་ཐི་ལོས་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་དགུ་བའི་དྲུང་ཡིག་ཆེན་མོར་བདམས་པ་དང་། འགན་ཡུན་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།