ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱིས་མུའུ་ལཱ་ཏིས་ཆི་ཚེ་བཙོན་བྱེད་པའི་ཁྲིམས་ཆད་སྲུང་འཛིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་ཉེས་དོན་ཁྲིམས་ཁང་གི་ལྷག་འཕྲོའི་ལས་དོན་གྱི་རྒྱལ་སྤྱིའི་ཐག་གཅོད་རྐྱེན་སྲོལ་གྱིས་ཚེས་བརྒྱད་ཉིན་ཧི་ལན་གྱི་ཧེ་ཡཱ་ནས་ཁྱབ་སྒྲོག་བྱས་དོན། སྔོན་ཆད་ཀྱི་པའོ་ཧེ་སེ་རིགས་ཀྱི་དམག་དཔུང་གི་དམག་སྤྱི་མུའུ་ལཱ་ཏིས་ཆི་ཚེ་བཙོན་བྱེད་པའི་ཁྲིམས་ཆད་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། 

ཉིན་དེར་ཉེས་དོན་ཁྲིམས་ཁང་གི་ལྷག་འཕྲོའི་ལས་དོན་གྱི་རྒྱལ་སྤྱིའི་ཐག་གཅོད་རྐྱེན་སྲོལ་གྱི་ཁྲིམས་དཔོན་ལྔ་ཡིས་མུའུ་ལཱ་ཏིས་ཆི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་ནན་སི་ལཱ་ཧྥུའུ་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་འབྲེལ་ཡོད་ཁྲིམས་གཅོད་ལ་ཞུ་གཏུག་བྱས་པ་ཁས་ལེན་མ་བྱས་པར། དེའི་ཚེ་བཙོན་གྱི་མཇུག་མཐའི་ཁྲིམས་ཆད་སྲུང་འཛིན་བྱས་པ་རེད། 

ཧེ་ཡཱ་རུ་ཡོད་པའི་སྔོན་ཆད་ཀྱི་ནན་སི་ལཱ་ཧྥུའུ་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་བདུན་པར་མུའུ་ལཱ་ཏིས་ཆི་ཡིས་གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོ་ནས་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་བར་པའོ་ཧེའི་འཐབ་འཁྲུག་སྐབས་སུ་རིགས་རྒྱུད་ཚར་གཅོད་དང་འཐབ་འཁྲུག་ནག་ཉེས། མིའི་རིགས་ལ་རྒོལ་བའི་ནག་ཉེས་བཅས་བསགས་ཡོད་པར་སྐྱོན་འཛུགས་བྱས། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། སྔོན་ཆད་ཀྱི་ནན་སི་ལཱ་ཧྥུའུ་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་མུའུ་ལཱ་ཏིས་ཆིའི་རིགས་རྒྱུད་ཚར་གཅོད་དང་འཐབ་འཁྲུག་ནག་ཉེས། མིའི་རིགས་ལ་རྒོལ་བའི་ནག་ཉེས་བཅས་གྲུབ་ཡོད་པ་ཁྱབ་སྒྲོག་བྱས་ནས། ཁོ་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད། མུའུ་ལཱ་ཏིས་ཆི་ཡིས་སྔོན་ཆད་ཀྱི་ནན་སི་ལཱ་ཧྥུའུ་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་སྐྱོན་འཛུགས་ནི་རྫུན་གཏམ་ཁོ་ན་ཡིན་པར་བཤད་པ་དང་། རང་ཉིད་ཀྱིས་བསྒྲུབས་པའི་བྱ་བ་ནི་མི་དམངས་དང་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་ཟེར། དེའི་རྗེས་སུ་མུའུ་ལཱ་ཏིས་ཆི་ཡིས་ཞུ་གཏུག་བྱས་པ་རེད། སྔོན་ཆད་ཀྱི་ནན་སི་ལཱ་ཧྥུའུ་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚབ་བྱེད་པའི་ཉེས་དོན་ཁྲིམས་ཁང་གི་ལྷག་འཕྲོའི་ལས་དོན་གྱི་རྒྱལ་སྤྱིའི་ཐག་གཅོད་རྐྱེན་སྲོལ་གྱིས་ཞུ་གཏུག་གྱོད་དོན་དེ་ཐག་གཅོད་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།