ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀུའུ་ཐེ་ལེ་སི་ལ་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་བར་འོས་སྦྱོར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་ཚེས8ཉིན་ཐལ་མོ་རྡེབ་པའི་རྣམ་པའི་ཐོག་ནས་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཀུའུ་ཐེ་ལེ་སི་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་འགན་འཁུར་རྒྱུ་འོས་སྦྱོར་བྱས་ཤིང་འཁུར་ཡུན2022ལོའི་ཟླ1པོའི་ཚེས1ཉིན་ནས2026ལོའི་ཟླ12པའི་ཚེས31ཉིན་བར་ཡིན་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་གོང་གསལ་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་ཀུའུ་ཐེ་ལེ་སི་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཀུའུ་ཐེ་ལེ་སིས་ལས་འགན་འཁུར་བའི་རིང་མཉམ་འབྲེལ་རྒྱལ་ཚོགས་ལ་སྣེ་ཁྲིད་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། རིམས་ནད་འགོག་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱས།

ཀྲང་ཅུན་གྱིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཀུ་ཐེ་ལེ་སིའི་ལས་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་གང་ལེགས་བྱས་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་གཏིང་ཟབ་བྱས་ཏེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་དེ་རྨང་རྡོར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རུ་འཛིན་རྒྱུ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པར་ཤུགས་སྣོན་རྒྱག་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་ནུས་པ་གང་ལེགས་འདོན་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉེ་སྔོན་འདས་ཐག་བཅད་དེ་ཀུའུ་ཐེ་ལེ་སི་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བསྐོ་རྒྱུ་ཆོག་མཆན་བཀོད།

ཀུའུ་ཐེ་ལེ་སི་ནི1949ལོའི་ཟླ4བར་ཕོར་ཐིའུ་ཀལ་གྱི་རྒྱལ་ས་ལི་སི་པོན་དུ་སྐྱེས་ཤིང་སྔ་རྗེས་སུ་ཕོར་ཐིའུ་ཀལ་གྱི་ཙུང་ལི་དང་མཉམ་འབྲེལ་རྒྱལ་ཚོགས་ཡུལ་བྱོལ་མི་སེར་ལས་དོན་གྱི་མཐོ་རིམ་དཔོན་བཅས་ཀྱི་འགན་འཁུར་མྱོང་། 2016ལོར་ཀུའུ་ཐེ་ལེ་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨང་དགུ་པར་བདམས་པ་དང་འགན་འཁུར་ཡུན2017ལོའི་ཟླ1པོའི་ཚེས1ཉིན་ནས2021ལོའི་ཟླ12པའི་ཚེས31ཉིན་བར་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།