ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་སྤྲིན་རྩིས་ཞབས་ཞུའི་ཀུང་སིར་ལག་རྩལ་གྱི་གནད་དོན་བྱུང་སྟབས་འཛམ་གླིང་གི་དྲ་ཚིགས་མང་པོར་དྲ་མི་རྒྱུག་པའི་གནས་ཚུལ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གྱི་ཞོགས་པར། ཨ་རིའི་སྤྲིན་རྩིས་ཞབས་ཞུའི་ལས་གཉེར་ཁངFastlyཀུང་སིར་ལག་རྩལ་གྱི་གནད་དོན་བྱུང་སྟབས་འཛམ་གླིང་ཡོངས་ཀྱི་དྲ་ཚིགས་མང་པོའི་དྲ་མི་རྒྱུག་པའི་གནས་ཚུལ་བྱུང་། ཕལ་ཆེར་དུས་ཚོད་གཅིག་ཙམ་འགོར་རྗེས་ཤུགས་རྐྱེན་ཐེབས་པའི་དྲ་ཚིགས་རྣམས་རིམ་བཞིན་སླར་གསོ་བྱེད་ཐུབ་བྱུང་བ་རེད།

ཨ་རིའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད6པ་ནས་བཟུང་ཡ་མ་ཤུན་དང་།《ཉིའུ་གཡོད་སྐབས་དོན་ཚགས་པར》《དངུལ་རྩའི་སྐབས་དོན་ཚགས་པར》དབྱིན་ཇི་སྲིད་གཞུང་དྲ་བ་སོགས་དྲ་ཚིགས་མང་པོར་སྤྱོད་མཁན་གྱིས་འཚམས་འདྲི་བྱེད་མི་ཐུབ་པའི་གནས་ཚུལ་བྱུང་ཞིང་། དྲ་ངོས་སུ་ཞབས་ཞུའི་འཕྲུལ་ཆས་སྤྱོད་མི་ཆོག་པའམ་ཡང་ན་སྦྲེལ་མ་ནུས་ཞེས་པའི་གསལ་འདེབས་ཀྱི་ཡི་གེ་འཆར་བ་རེད།

Fastlyཀུང་སིས་ཉིན་དེར་བཤད་པ་ལྟར་ན། ཞིབ་བཤེར་བྱས་པ་བརྒྱུད་ཞབས་ཞུ་འཕྲུལ་ཆས་ཤིག་གི་བཀོད་སྒྲིག་ཡང་དག་མིན་པ་ལས་ཞབས་ཞུ་འཕྲུལ་ཆས་ཡོངས་རྫོགས་འཁོར་སྐྱོད་བྱེད་མཚམས་བཞག་ཅིང་། ཡང་བསྐྱར་སྒྲིག་བཀོད་བྱས་ཚར་རྗེས་ཆག་སྐྱོན་དེ་སེལ་ཐུབ་པ་བྱུང་།

གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཆུ་ཚོད7པ་ནས་བཟུང་ཤུགས་རྐྱེན་ཕོག་པའི་དྲ་ཚུགས་རྣམས་སྔ་རྗེས་སུ་འཚམས་འདྲི་སླར་གསོ་བྱས། ཐེངས་འདིའི་གཞི་ཁྱོན་ཆེ་བའི་དྲ་རྒྱ་ཆད་པ་དེས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ལ་ཤུགས་རྐྱེན་ཐེབས་ཡོད །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།