ཀྲུང་གོ་བོད་ཀྱི་དྲ་བ།

མར་ཏི་ཝེའི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ཤིས་ཏི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་མར་ཏི་ཝེའི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ·ཧྲ་ཤིས་ཏི་སྐབས76པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཧྲ་ཤིས་ཏི་ལ་འདེམས་ཤོག143ཐོབ་ནས་སྐབས་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པ་དང་། འོས་མི་གཞན་པ་སྟེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཀྲ་ལེ་མེ·ལ་སུར་ལ་འདེམས་ཤོག48ཐོབ།

ཧྲ་ཤིས་ཏི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་རྗེས་རང་གི་ཚོར་སྣང་གླེང་དུས། ཁོང་གིས་ལས་འགན་འཁུར་རིང་བྱ་བ་གཙོ་བོ་ལྔ་བསྒྲུབ་རྒྱུ་ནི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་། རིམས་ནད་བྱུང་རྗེས་རྒྱུན་མཐུད་ངང་གོང་སྤེལ་དུ་གཏོང་བར་འབད་པ་བྱ་རྒྱུ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་རང་བྱུང་གི་འགྲན་སློང་ལ་ཁ་གཏད་གཅོག་པ། མི་ཚང་མའི་ཁེ་དབང་སྲུང་སྐྱོང་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་དར་རྒྱས་སུ་གཏོང་རྒྱུ་བཅས་རེད།

ཧྲ་ཤིས་ཏི་ཡིས་ད་ལོའི་ཟླ9པར་སྐབས75པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཝོར་ཁན·པོ་ཙི་ཁེར་གྱི་ལས་འགན་ཡོད་ཚད་ཕྲག་ཏུ་བླངས་ནས་སྐབས76པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་བཞེས་རྒྱུ་དང་ལས་འགན་འཁུར་ཡུན་ལོ་གཅིག་ཡིན།

ཧྲ་ཤིས་ཏི་ནི་ད་ལོ་ལོ59ལ་སླེབས་ཤིང2007ལོ་ནས2008ལོ་བར་མར་ཏི་ཝེའི་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་བ་དང་། 2009ལོ་ནས2014ལོ་བར་མར་ཏི་ཝེའི་གྲོས་དཔོན་གྱི་འགན་འཁུར། 2018ལོ་ནས་བཟུང་ཡང་བསྐྱར་མར་ཏི་ཝེའི་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།