ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལ་རུ་ཀྲུང་གོའི་ཁོའོ་ཤིན་གྱིས་བཟོས་པའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་སྤྱོད་རྒྱུའི་ཆོག་མཆན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན། བྷང་ག་ལའི་སྨན་རྫས་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་ཀྲུང་གོའི་པེ་ཅིང་ཁོའོ་ཤིན་ཀྲུང་ཝུའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ“ཁེར་ལའེ་ཧྥུའུ”དེ་བྷང་ག་ལ་རུ་སྤྱོད་རྒྱུའི་ཆོག་མཆན་གནང་།

དེ་ནི་བྷང་ག་ལ་རྒྱལ་ཁབ་ཀྱིས་ཛ་དྲག་ངང་བེད་སྤྱོད་གཏོང་བའི་ཀྲུང་གོའི་རིམས་འགོག་སྨན་ཁབ་རབས་གཉིས་པ་དེ་ཡིན་ལ། བྷང་ག་ལ་སྲིད་གཞུང་གིས་ཟླ4པའི་ཟླ་མཇུག་ཏུ་ཀྲུང་གོའི་རྒྱལ་སྨན་སྡེ་ཚོགས་ཀྱིས་བཟོས་པའི་པྲོག་གསར་རིམས་འགོག་སྨན་ཁབ་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་སྤྲད་ལ། ཟླ5པའི་ཟླ་མཇུག་ཏུ་ས་གནས་དེ་གའི་མང་ཚོགས་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་རྒྱལ་སྨན་སྡེ་ཚོགས་ཀྱིས་བཟོས་པའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོག་མར་བརྒྱབ།

བྷང་ག་ལས་ཟླ1པོའི་ཟླ་སྨད་ནས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་མགོ་ཚུགས་ཤིང་། བྷང་ག་ལའི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། མིག་སྔའི་བར་རྒྱལ་ཁབ་དེས་རིམས་འགོག་སྨན་ཁབ་ཁྲི900ལྷག་བརྒྱབ་ཟིན་པ་རེད། བྷང་ག་ལས་ཀྲུང་གོས་བཟོས་པའི་རིམས་འགོག་སྨན་ཁབ་རིགས་གཉིས་ལས་གཞན་ད་དུང་ཨུ་རུ་སུའི“སྲུང་སྐརV”བཅས་རིམས་འགོག་སྨན་ཁབ་རིགས3རྒྱལ་ཁབ་དེ་རུ་སྤྱོད་རྒྱུའི་ཆོག་མཆན་ཐོབ་ཡོད།

བྷང་ག་ལའི་འཕྲོད་བསྟེན་སྡེ་ཁག་གིས་ཟླ6པའི་ཚེས6ཉིན་ཁྱབ་བསྒྲགས་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཐད་ཀྱི་གཞི་གྲངས་ལྟར་ན། རྒྱལ་ཁབ་དེ་རུ་ཉིན་སྔོན་མར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་སྔོན་ཉིན་ལས1676ཇེ་མང་དུ་ཕྱིན་ཏེ་ནད་པ810990ལ་སླེབས་པ་དང་། ནད་པ་ཚེ་འདས་སྔོན་ཉིན་ལས38ཇེ་མང་དུ་ཕྱིན་ཏེ12839ལ་སླེབས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།