ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་འཛམ་གླིང་ཡོངས་ཀྱིས་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་ཁམས་མ་ལག་སླར་གསོའི་ལོ་བཅུའི་འགུལ་སྐྱོད་འཆར་གཞི་གོ་སྐབས་སུ་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་མིའི་རིགས་ཀྱིས་ཁོར་ཡུག་ཐད་བཟོས་པའི་གཏོར་བརླག་བྱ་སྤྱོད་ཡོ་བསྲང་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱེ་མུའུ་ལན་ཧན་གྱིས་ཉིན་དེར་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱེ་སི་ལན་པའོ་ནས་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། གལ་ཏེ་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་དང་འཛམ་གླིང་ཡོངས་ཇེ་དྲོར་འགྲོ་བ་སོགས་ཀྱི་གནད་དོན་ཐག་གཅོད་མ་བྱས་ན། མིའི་རིགས་ཀྱིས་རིན་དོད་ཆེན་པོ་གཏོང་དགོས་ཡོད་ཟེར། 

དབྱེ་མུའུ་ལན་ཧན་གྱིས་བསྟན་དོན། ཕཱ་ཁི་སི་ཐན་ནི་འཛམ་གླིང་སྟེང་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་ཡོངས་ཇེ་དྲོར་སོང་བ་ལས་འཁྱག་རོམ་ཞུས་ན་ཕཱ་ཁི་སི་ཐན་གྱི་མ་འོངས་པའི་ཆུའི་ཐོན་ཁུངས་ཀྱི་མཁོ་འདོན་ཐད་འཇིགས་ཉེན་བཟོ་སྲིད། བུ་རབས་ཚ་རྒྱུད་དག་སྔར་ལས་མཛེས་སྡུག་གི་ཁོར་ཡུག་ཏུ་འཚོ་བ་རོལ་དུ་འཇུག་ཆེད། ཕཱ་ཁི་སི་ཐན་སྲིད་གཞུང་གིས་སྡོང་བོ་དུང་ཕྱུར་མང་བོ་འཛུགས་པའི་འཆར་གཞི་སོགས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་མགོ་བརྩམས་པ་དང་། མང་ཚོགས་དག་ཁོར་ཡུག་སྲུང་སྐྱོབ་ནང་ཧུར་ཐག་སྒོས་ཞུགས་པར་སློབ་གསོ་གཏོང་བཞིན་ཡོད་པར་མ་ཟད། བྱིས་པ་དག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་པར་སྐུལ་མ་གཏོང་བཞིན་ཡོད་ཟེར། 

དབྱེ་མུའུ་ལན་ཧན་གྱིས་ད་རུང་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཕཱ་ཁི་སི་ཐན་དང་བཅས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ད་ལོའི་ཟླ་དྲུག་པའི་ཚེས་བཞི་ཉིན། འཛམ་གླིང་ཡོངས་ཀྱི་ཁོར་ཡུག་ཉིན་མོའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་ཁམས་མ་ལག་སླར་གསོའི་ལོ་བཅུའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། སྐྱེ་དངོས་སྣ་མང་ཅན་ཉམས་དམས་སུ་འགྲོ་བ་དང་། ནམ་ཟླའི་གཏོར་བརླག སྦགས་བཙོག་གི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བ་བཅས་ཁོར་ཡུག་གི་འཇིགས་ཉེན་ཆེན་པོ་གསུམ་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།