ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་བྱང་ཕྱོགས་ཀྱི་སྣུམ་སྣོན་ས་ཚིགས་ཤིག་ཏུ་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཉིན་དེར་གཏོང་འཕེན་བྱས་པའི་འཕུར་མདའ་དེ་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་གྱི་སྣུམ་སྣོན་ས་ཚིགས་ཤིག་ལ་ཕོག་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔར་འཚིག་སྐྱོན་ཚབས་ཆེན་བྱུང་ཡོད་ཟེར། 

ཡེ་མིན་རིག་གནས་དང་བརྡ་འཕྲིན་པུའུ་ཀྲང་དབྱེ་ཨར་ཡཱ་ནེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། འཕུར་མདའ་དེ་མཱ་ལི་པུའུ་ཞིང་ཆེན་གྱི་ལྟེ་གནས་མཱ་ལི་པུའུ་གྲོང་ཁྱེར་བྱང་ངོས་ཀྱི་སྣུམ་སྣོན་ས་ཚིགས་ཤིག་ལ་ཕོག་སྟེ་འགས་གཏོར་བྱུང་རྗེས་མེ་སྐྱོན་ཆེན་པོ་བྱུང་། སྣུམ་སྣོན་བཞིན་པའི་དམངས་བཀོལ་རླངས་འཁོར་མང་བོ་མེར་འབར་བ་དང་། ཤི་རྨས་ཐེབས་མཁན་ཚང་མ་མི་སེར་དཀྱུས་མ་ཡིན་པ་རེད། དབྱེ་ཨར་ཡཱ་ནེ་ཡིས་ཧུའུ་སེ་དྲག་ཆས་པས་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་། 

གཞན་ཡང་ཡེ་མིན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་འཕུར་མདའ་གཏོང་འཕེན་བྱས་རྗེས། འགད་རྫས་དྲུད་པའི་མི་བསྡད་མེད་པའི་གནམ་གྲུ་མངག་སྟེ་རྨས་མ་སྐྱེལ་བའི་མྱུར་སྐྱོབ་རླངས་འཁོར་གཉིས་ལ་འགས་གཏོར་བཏང་བ་རེད་ཟེར། 

ཧུའུ་སེ་དྲག་ཆས་པས་མིག་སྔར་དོན་དེའི་ཐད་རྣམ་འགྱུར་ཅི་ཡང་བསྟན་མེད། 

མཱ་ལི་པུའུ་ཞིང་ཆེན་ནི་ཡེ་མིན་གྱི་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་ས་ཁུལ་གཙོ་བོ་ཡིན་པ་དང་། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མནའ་འབྲེལ་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་པུའུ་ཡོད་སའི་གནས་ཀྱང་ཡིན། ཉེ་བའི་ཟླ་ངོ་འགའི་རིང་ལ། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཞིང་ཆེན་དེ་ནས་འཁྲུག་རྩོད་དྲག་པོ་ཐེངས་མང་བྱས་ཏེ། ཕྱོགས་གཉིས་ཀྱི་འཐབ་འཛིང་མི་སྣ་དང་མི་སེར་དཀྱུས་མ་འདུས་པའི་མི་སྟོང་ཕྲག་ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་རེད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།