ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་འཛམ་གླིང་གི་འཕྲིན་གཏོང་ཁང་གཙོ་བོའི་འགན་ཁུར་བས་རྒྱལ་སྤྱིའི་གནད་དོན་གཙོ་བོར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཞི་ཉིན་ཧྲིན་པིས་ཏི་པའོ་ཡི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་བརྙན་རིས་བརྒྱུད་དེ་འཛམ་གླིང་གི་འཕྲིན་གཏོང་ཁང་གཙོ་བོའི་འགན་ཁུར་བར་སྐུལ་འབྲེལ་བྱས་ཏེ། རྒྱལ་སྤྱིའི་གནད་དོན་གཙོ་བོར་གྲོས་བསྡུར་བྱས། 

ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བར་གཟེངས་བསྟོད་ཆེན་པོ་བྱས་པ་དང་། ཨུ་རུ་སི་དང་ཀྲུང་གོར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་རྨང་གཞི་གལ་ཆེན་ཡིན་པ་རེད། ཁོས་ཉིས་སྟོང་ཉེར་བཞི་ལོའི་བར་ཕྱོགས་གཉིས་བར་གྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཁྲག་ཁྲིག་གཉིས་ལས་བརྒལ་བའི་དམིགས་འབེན་མངོན་འགྱུར་ཐུབ་པར་ཡིད་ཆེས་ཡོད། ཨུ་རུ་སིའི་ཕྱོགས་དང་ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་གར་སྟེགས་སྟེང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བྱས་ནས་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གི་གྲོས་མོལ་ཐད་ནས་ཕུའུ་ཅིན་གྱིས་ཚོད་དཔག་བྱས་ན་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཅི་ཡང་ཐོབ་མི་སྲིད་པར་འདོད་ཀྱང་། ཁོས་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་ཐུན་མོང་ཁེ་ཕན་ཡོད་པར་ཡིད་ཆེས་ཡོད་ལ། གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་ལྡན་པར་རེ་བཞིན་ཡོད་ཟེར། ཕུའུ་ཅིན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱི་བྱེད་ཐབས་མང་བོ་ཞིག་གིས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བར་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས། ཁོས་ཨ་མེ་རི་ཁས་ཨུ་རུ་སིའི་ཁེ་ཕན་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་སྟབས་བདེ་བཟོ་དགོས། ཨུ་རུ་སི་ཡིས་མེ་སྒོར་དེ་གསོག་འཇོག་དངུལ་ལོར་དང་རྒྱལ་སྤྱིའི་རྩིས་སྤྲོད་དངུལ་ལོར་དུ་བྱེད་པ་མཐའ་གཅིག་ཏུ་བསྐྱུར་རྩིས་མེད་ཟེར། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་སྔོན་ཐོན་གྱི་མཚོན་ཆ་བཀོལ་ནས་འཇིགས་ཉེན་བཟོ་མི་སྲིད་པ་དང་། སྔོན་ཐོན་གྱི་རྣམ་པ་སྲུང་འཛིན་བྱེད་འདོད་པ་ཙམ་ཡིན་ཟེར། 

ཕུའུ་ཅིན་གྱིས་བལྟས་ན། ཨུ་རུ་སི་དང་རྒྱ་གར་བར་དཔལ་འབྱོར་དང་ནུས་ཁུངས། ཚན་རྩལ་མཐོན་པོ། ཞིང་ལས། མཚོན་ཆ་བཟོ་བ་སོགས་ཐད་ཀྱི་འབྲེལ་བ་བཟང་བོ་ཡོད་པར་འདོད། 

ཆན་ཏའོ་ལྷོ་མའི་གླིང་ཚོམས་ཀྱི་ས་ཁོངས་རྩོད་གླེང་ཐད་ནས་ཕུའུ་ཅིན་གྱིས་བསྟན་དོན། སུའུ་ལེན་དང་ཨུ་རུ་སི་ཡིས་གླིང་ཚོམས་དེ་དག་འཇར་པན་ལ་སྟེར་བར་ཡིད་འཐད་བྱུང་མེད་ཟེར། ཨུ་རུ་སི་ཡིས་རྩ་ཁྲིམས་ལས་རང་གི་མངའ་ཁོངས་གཞན་ལ་སྟེར་བར་གཏན་འགོག་བྱེད་པའི་ནང་དོན་གཏན་འཁེལ་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་རིམ་འགོག་ཐད་ཀྱི་དངུལ་གཏོང་གིས་རྒྱལ་དམངས་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཟིན་པ་དང་། མགྱོགས་ཤིང་མྱུར་བའི་སྒོ་ནས་འགོག་སྨན་ཞིབ་འཇུག་གཏན་འབེབས་དང་ཐོ་འགོད་བྱས་ཡོད་ཟེར། ཁོས་འཛམ་གླིང་ཧྲིལ་བོས་མཉམ་དུ་འབད་བརྩོན་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་པ་དང་། མཉམ་དུ་རིམས་འགོག་བྱེད་ན་རྒྱལ་ཁབ་སོ་སོས་ཆབ་སྲིད་དམིགས་ཡུལ་དབང་གིས་ཕན་ཚུན་ལ་ཚོད་འཛིན་བྱེད་པའི་སྣང་ཚུལ་བསྒྱུར་དགོས་པ་ནན་གྱིས་བསྟན། 

ཕུའུ་ཅིན་གྱིས་ད་རུང་ཨུ་རུ་སི་དང་དབྱིན་ཇི། འཇར་མན། ཁཱ་ཐར་བཅས་ཀྱི་འབྲེལ་བ་སོགས་གནད་དོན་ཐད་ཀྱི་དྲི་བར་ལན་བཏབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།